མགུར་མ་དགུ་མདུད།

ཁམས་པ་རབ་དབྱངས།        2021-08-09

ཚིག་སྙན་མོའི་ཐ་ལ་དྲུག་འགྱུར་འདི། །

བྱ་ཀ་ལ་པིང་ཀའི་མགུར་ཞིག་ཡིན། །

ནང་སེམས་ཉིད་འགུལ་བའི་དབྱངས་རྟ་དེ། །

ངག་སྡིག་སྒྲིབ་སེལ་བའི་མགུར་མ་ཡིན། །

འདི་དབྱངས་རྟ་ཞིག་གི་སྐྱོ་ཉམས་ཡིན། །

འདི་མགུར་མ་ཞིག་གི་རྩ་བ་ཡིན། །

འདི་ཚོར་བ་ཞིག་གི་ཕྱི་ནང་ཡིན། །

འདི་དྲན་མགུར་ཞིག་གི་སྙིང་ཐུབ་ཡིན། །

སེམས་སྣང་བ་ཡུལ་ལ་ཞེན་པ་གཅིག །

ནང་ཚོར་བ་ཞེན་ཆགས་ཆེ་བ་གཉིས། །

ཚིག་སྤྲོས་པའི་བརྗོད་བྱ་རིལ་པོ་ལ། །

ཁྱེད་ཡིད་བརྙན་ངོས་སུ་བཞེངས་པར་བྱས། །

མགུར་བྲིས་ན་ཚིག་དུམ་འདི་འདྲ་རེད། །

ཞེ་འདང་དཀར་གངས་དཀར་རི་བོ་རེད། །

འགྱུར་མི་ཐུབ་ཚེ་ཡི་བླ་གཡུ་རེད། །

ཚེ་སྲོག་ལ་གནའ་གཏམ་བྲིས་ཡོད་དོ། །

ཚིག་རླུང་བུ་རྒྱུ་ལམ་ཤར་ཕྱོགས་རེད། །

སྐྱོ་སྣང་བའི་མགུར་མ་ཇེ་བླངས་རེད། །

གླུ་ལེན་ན་བྱང་འབྲོག་རྫ་ནས་ལེན། །

བྱང་འབྲོག་མོའི་ཕྱིར་བལྟ་བྱེད་ནི་ལེན། །

གླུ་ལེན་ན་རྫ་ཡུལ་རྒྱུད་ནས་ལེན། །

རྫ་བུ་མོའི་སྣང་བ་ཤོར་ནི་ལེན། །

གླུ་ལེན་ན་དམ་ཚིག་ཞེ་མནའ་ལེན། །

ཞེ་མནའ་གླུ་ཡིད་ལ་ཡོང་ནི་ལེན། །

གླུ་ལེན་ན་རྫ་སྒང་རི་ནས་ལེན། །

བྱ་རི་དྭགས་སྣང་བ་དཀྲོག་ནི་ལེན། །

ཚིག་གི་ཉི་ཟླ་གུར་ལ་ཕབ། །

སྣང་བ་ཨ་སྔོན་དགུང་ལ་འཕྲོ། །

སྐྱིད་གླུ་གླུ་ཆུང་རྒྱང་གླུ་འདི། །

སྐྱིད་ཆུ་སྟོད་ནས་ཡང་ལེན་བྱས། །

གླུ་སྣ་དར་དཀར་རིང་མོ་འདི། །

དར་མགོ་ཆོས་ཡུལ་ཕྱོགས་ནས་འཐེན། །

དར་སྨད་སྒང་པ་ཡུལ་ནས་འཐེན། །

འདི་ལ་དར་མཚོན་རིང་མོ་ཡོད། །

འདི་ལ་བཀྲ་ཤིས་གཡང་འཁྱིལ་ཡོད། །

ཤེས་ན་དེ་རིང་འཐེན་རྒྱུ་ཡིན། །

མ་ཤེས་དོན་ལ་འགྲེལ་བརྗོད་མེད། །

དབྱངས་ཅན་མ་ཡི་ཚིག་ཅིག་ཡོད། །

ཚིག་གི་སེམས་གླུ་ལེན་ས་ཡོད། །

ཚིག་གི་མདུད་པ་རེ་རེ་ལ། །

བྱང་ཆུ་བཞུར་རྒྱུན་འདྲ་བ་ཡིན། །

བྱང་འབྲོག་བུ་མོའི་སྣང་བ་ཡིན། །

དེ་ལ་མིག་གི་ཤོར་ས་ཡོད། །

དེ་ལ་ཡིད་ལྷུང་ཤོར་ས་ཡོད། །

ཤིང་ལྷ་ཤིང་བཟང་དྲུག་འཛོམས་ས་རེད། །

ནགས་ཤིང་ལོ་བྱ་ཁྱུ་ཚང་ར་རེད། །

ཆུ་ཆེན་པོ་མ་ཕམ་གཡུ་མཚོ་རེད། །

ཉ་གསེར་མིག་སྟོང་གི་གནས་ཚང་རེད། །

རི་མཐོན་པོ་གངས་དཀར་ཏི་སེ་རེད། །

རྩེ་ཁ་བའི་རང་མདངས་ཡོད་ས་རེད། །

དྲིན་ཕ་མ་སེམས་ཀྱི་ཉི་ཟླ་རེད། །

བུ་བུ་མོའི་ཚེ་ཡི་དབུ་ཐོད་རེད། །

སྡེ་ཆེན་པོ་གསེར་གཞུང་མེ་ལོང་རེད། །

རྒྱུ་འབྱོར་བས་གསེར་གཞུང་བཀང་འདྲ་རེད། །



  • ལེ་ཚན་སྔོན་མ།:སྨྱོན་པ་ཞིག་ལ་སྤྲིངས་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།