བརྩེ་བའི་སོར་ཕྲེང་།

ཁམས་པ་རབ་དབྱངས།        2021-08-06

ཁྱེད་ནི་བརྩེ་བའི་གུར་ཆེན་ཡིན། །

བདག་གི་ཡིད་ངོར་ལྷང་ངེར་གསལ། །

དྲན་གདུང་སྣང་བ་སྨག་ལ་རུབ། །

སེམས་ཀྱི་འོད་ཆེན་རིང་དུ་ཤོར། །

སྣང་བ་ཡན་པའི་སྙན་ངག་དག །

ཁྱེད་ཉིད་སོང་བའི་རྗེས་ཤུལ་ཡིན། །

ཁྱེད་ནི་སེམས་ཀྱི་ཞི་བ་ཡིན། །

སྐད་ཅིག་ཉིད་ལ་མིག་ངོར་བྱོན། །

བརྩེ་བའི་ཤུགས་གླུ་ལེན་པ་ན། །

ཡིད་ལ་འཕྲུལ་གྱི་ཟླ་བ་བྲིས། །

ངག་གི་སྨྲེང་བ་སུ་ལ་བཤད། །

ཡིད་ཀྱི་དམ་ཚིག་སུ་ལ་སྲུང་། །

ཁྱེད་ནི་ཚེ་ཡི་བླ་གཡུ་ཡིན། །

ཐོད་ཀའི་རི་མོ་འབྲི་ས་ཡིན། །

ཡིད་ཀྱི་ཉེ་རིང་མཐུན་ས་ཡིན། །

འཛུམ་ཆུང་ཟླ་བ་ངོམ་ས་ཡིན། །

ཁ་ཁོག་སེམས་གསང་འཐོར་ས་ཡིན། །

ཚེ་ཕྱེད་ཉི་ཟླའི་འོད་ཆེན་ཡིན། །

ཁྱེད་ནི་དྲན་པ་རླབས་མཚོ་ཡིན། །

སེམས་ཀྱི་རྒྱང་རིང་བོར་ས་ཡིན། །

བདག་གི་ཉི་ནུབ་ཤོར་ས་ཡིན། །

སེམས་ཀྱི་ལུས་ཟུངས་ཟད་ས་ཡིན། །

སྙན་ངག་སིལ་བུ་འཐོར་ས་ཡིན། །

རིག་བྱེད་ཚིག་གི་དོ་ཧ་འདི། །

བུང་བ་སྨྱོས་པའི་ཟློས་གར་ཡིན། །

བརྩེ་བའི་སོར་ཕྲེང་རྩེད་མོ་ཡིན། །



  • ལེ་ཚན་སྔོན་མ།:རྗེས་དྲན་དད་པའི་མཆོད་སྤྲིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།