རྐང་ཐང་དུ་ཡུལ་སྐོར་འགྲོ་ས་དར་རྩེ་མདོའི་བུམ་པ་གཡུ་མཚོ།

ཡེ་ཤེས་ཀྱིས་བསྒྱུར།        2021-08-04

རྐང་ཐང་དུ་ཡུལ་སྐོར་འགྲོ་ས་དར་རྩེ་མདོའི་བུམ་པ་གཡུ་མཚོ།

བུམ་པ་གཡུ་མཚོ་སྐོར་ལ་ད་དུང་བཤད་སྲོལ་གཞན་ཞིག་འདུག། བུམ་པ་གཡུ་མཚོ་ནི་ལྕགས་ལ་སྡེ་དཔོན་ཚང་གིས་མཆོད་འབུལ་བྱས་པས་རྐང་བཙུགས་ནས་མཚེའུ་སྲུང་མཁན་ཡོད་ཅིང་། ས་གནས་དེ་གའི་ངག་རྒྱུན་དུ་བུམ་པ་གཡུ་མཚོའི་ནང་འབྲུག་ཅིག་བསྡད་ཡོད་རེད་ཟེར། ལྕགས་ལ་སྡེ་དཔོན་ཚང་གིས་བུམ་པ་གཡུ་མཚོ་ལྟ་སྐྱོང་བྱེད་མཁན་གྱི་མི་མངགས་ནས་ཉིན་ལྟར་མཚེའུ་ལ་དྭངས་བའི་དད་པ་བྱས་ཏེ་གསོལ་བ་སྨོན་ལམ་བཏབ་ནས་སྐྱབས་འཇུག་ཐོབ་པའི་རེ་འདུན་བཅངས། ཉིན་རེ་ནས་ཉིན་རེ་བརྒལ། ལོ་རེ་ལོ་རེ་འདས། ལྟ་སྐྱོང་བྱེད་པའི་དུས་ཚོད་ཚང་ནས་བྲལ་རན་པའི་སྔོན་གྱི་མཚན་མོར་འབྲུག་གི་མངོན་གཟུགས་བསྟན་ནས་བུམ་པ་གཡུ་མཚོ་ནས་ལྡིང་ནས་གནམ་ལ་འཕུར་སོང་བ་རེད། དུས་དེ་ནས་བཟུང་ས་གནས་དེ་གའི་མི་ཚོའི་སེམས་ནང་བུམ་པ་གཡུ་མཚོར་དད་གུས་དེ་བས་བྱས་སྲོལ་ཆགས་པ་རེད།

རྐང་ཐང་དུ་ཡུལ་སྐོར་འགྲོ་ས་དར་རྩེ་མདོའི་བུམ་པ་གཡུ་མཚོ།

དར་རྩེའི་མདོའི་མཐའ་སྐོར་གྱི་རི་མགོར་མཚེའུ་ཧ་ཅང་མང་པོ་ཡོད་ཅིང་། མིང་ཡོད་མཁན་དང་མིང་མེད་མཁན་གྱི་མཚེའུ་ཚང་མར་སོ་སོའི་མཛེས་ཉམས་རེ་ཡོད་པ་རེད། དེའི་ནང་བུམ་པ་གཡུ་མཚོ་ནི་ཐུན་མོང་མ་ཡིན་པའི་མིང་གྲགས་ཆེ་ཞིང་མཛེས་ཉམས་དོད་པོའི་ཁྱད་འཕགས་ཅན་གྱི་རི་མཐོའི་མཚེའུ་ཞིག་ཏུ་བརྩིས་ཆོག་པ་རེད།

བུམ་པ་གཡུ་མཚོར་རྐང་ཐང་འགྲོ་སའི་ལམ་ཐིག་གསུམ་ཡོད་པ་སྟེ། གཅིག་ནི་དར་རྩེ་མདོའི་མདོ་གྲོང་གསར་པ་ནས་མགོ་ཚུགས་ཏེ་མདོ་གྲོང་གསར་པའི་འཐུང་ཆུའི་བཟོ་གྲྭ་དང་། བླ་མ་སྒྲུབ་ཕུག ཀླུ་མཚོ། རི་སྒང་བརྒྱུད་ནས་བུམ་པ་གཡུ་མཚོར་སླེབས། དེ་ནས་བུམ་པ་གཡུ་མཚོ་ནས་གཉའ་ལུང་མགོ་གྲོང་སྡེ་མཇུག་རྫོགས། གཉིས་ནི་གཉའ་ལུང་མགོ་གྲོང་སྡེ་ནས་མགོ་ཚུགས་ཏེ་གྲོང་སྡེའི་རྟ་དྲེལ་དེད་ལམ་བརྒྱུད་ནས་བུམ་པ་གཡུ་མཚོར་སླེབས། དེ་ནས་རི་སྒང་བརྒལ་ནས་ཀླུ་མཚོ། བླ་མ་སྒྲུབ་ཕུག་བརྒྱུད་ནས་མདོ་གྲོང་གསར་པའི་འཐུང་ཆུའི་བཟོ་གྲྭ་ནས་དར་མདོ་མདོ་གྲོང་གསར་པ་བར་རེད། གསུམ་ནི་གཉའ་ལུང་མགོ་གྲོང་སྡེ་ནས་བུམ་པ་གཡུ་མཚོ། དེ་ནས་ཡང་གཉའ་ལུང་མགོ་གྲོང་སྡེར་ལོག་ཅིང་། ལམ་ཐིག་དེར་འགྲོ་བའི་དཀའ་ཚེགས་ཆུང་ཡང་ཀླུ་མཚོའི་མཛེས་ལྗོངས་རིག་ལེ་མ་རེད། ལམ་ཐིག་གསུམ་ཀར་ཉིན་གཅིག་ནང་ཕར་འགྲོ་ཚུར་འོང་ཐུབ་པ་དང་ཞག་གཅིག་བསྡད་ནས་ཕྱི་ཉིན་ཚུར་ལོག་ན་ཡང་ཆོག་པ་རེད།

རྐང་ཐང་དུ་ཡུལ་སྐོར་འགྲོ་ས་དར་རྩེ་མདོའི་བུམ་པ་གཡུ་མཚོ།

བུམ་པ་གཡུ་མཚོའི་མཛེས་ཉམས་ནི་མཚོ་གཞན་ལ་ཆ་མཚོན་ནས་བཤད་ན་ཁ་དོག་ལ་མཚོན་ནས་མིང་བཏགས་ཡོད། གངས་དཀར་གཞོན་ནུ་ཡུལ་སྐོར་གྱི་གྲོས་དྲིས་བྱེད་ས་ཕུ་བོ་ལང་ལགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལྟ་མི་ཚོས་བུམ་པ་གཡུ་མཚོར་གཡུ་མཚོ་ཞེས་བརྗོད་ཀྱིན་ཡོད། རྒྱུ་མཚན་ནི་དེའི་ཁ་དོག་སྔོན་པོ་དང་ལྗང་ཁུ་གཡུ་ཡི་མདོག་ཁའི་མཚེའུ་ཞིག་རི་ཁྲོད་དུ་འཁྱིལ་ནས་ཡོད་པས་རེད། འོད་ཟེར་གྱི་ཁ་དོག་མི་འདྲ་བ་དང་བསྟུན་ནས་ཁ་མདོག་ལ་འགྱུར་ལྡོག་མང་པོ་ཡོད་རེད་ཟེར། དར་རྩེ་མདོའི་མཚེའུ་མང་པོའི་ཁྲོད་ཚོན་མདོག་དེ་འདྲ་མཐོང་རྒྱུ་ཧ་ཅང་ཉུང་ཉུང་ཡིན་པར་བརྟེན། མི་མང་པོའི་ཡིད་དབང་འགུགས་པ་རེད།

བུམ་པ་གཡུ་མཚོའི་རི་རྒྱབ་ཏུ་ཀླུ་མཚོ་ཆགས་ཡོད། དེ་ནི་རྩྭ་ཐང་གི་སྟེང་ཀྱག་ཀྱོག་ཏུ་བཞུར་བཞིན་པའི་དབྱིབས་བཀོད་པ་སྦྲུལ་དང་འདྲ་བའི་ཆུ་ཕྲན་ཞིག་རེད་ཅེས་བཤད་སྲོལ་ལ་སྦྲུལ་ནི་ཀླུའི་རྒྱུད་པ་ཡིན་པས། རྗེས་གྲུབ་ཀྱི་ཚུལ་དུ་ཀླུ་མཚོ་ཞེས་མིང་བཏགས་པ་རེད།། 

རྐང་ཐང་དུ་ཡུལ་སྐོར་འགྲོ་ས་དར་རྩེ་མདོའི་བུམ་པ་གཡུ་མཚོ།

  • ལེ་ཚན་སྔོན་མ།:དར་རྒྱས་ཡར་འཕེལ་གྱི་འཆར་འགོད་བཟོས་ནས་ཕྱུག་པོར་ཆགས་པའི་ཡུལ་སྡེ་འཛུགས་སྐྱོང་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།