མྱུར་དུ་ཀློགས། ཀྲུང་ནན་ཧྲན་གྱི་གསུང་གསར་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-08-05

རྒྱལ་ཁབ་ཀྱིས་བཟོས་པའི་རིམས་འགོག་སྨན་ཁབ་དེ་ཏེར་ཐ་འགྱུར་དུག་འགོག་པ་ལ་ཕན་ནུས་ཡོད་དམ།

ཕན་ནུས་ལྡན་འདུག། ཧ་ཅང་བདེ་འཇགས་ཡིན།
སྤྱི་ཟླ7པའི་ཚེས31ཉིན། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་ཀོང་ཀྲོའུ་རུ་འཚོགས་པའི་དབུ་ཚོགས་ཤིག་གི་ཐོག་ཏུ་ལན་གསལ་པོ་བཏབ་པ་རེད། ཁོང་གིས་རང་རྒྱལ་གྱི་འགོག་ཁབ་རྒྱག་ཚད83.3%ལ་སླེབས་ན་གཞི་ནས་ཚོགས་སྤྱིའི་རིམས་འགོག་མངོན་འགྱུར་ཐུབ་པ་ཡིན་ཚུལ་བསྟན་པ་དང་། ཚང་མས་རིམས་འགོག་སྨན་ཁབ་རྒྱག་རྒྱུར་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།


མྱུར་དུ་ཀློགས། ཀྲུང་ནན་ཧྲན་གྱི་གསུང་གསར་པ།

ཡོན་ཧྲི་ཀྲུང་ནན་ཧྲན་ལ་བཅར་འདྲི་དང་ལེན་གནང་བཞིན་པ།


ཉེ་བའི་ཉིན་བཅུའི་རིང་། ནན་ཅིང་གི་རིམས་ནད་དེ་ཞིང་ཆེན15ཡི་གྲོང་ཁྱེར20ལྷག་ལ་ཁྱབ་ཅིང་། སྤྱི་ཟླ8པའི་ཚེས1ཉིན་རང་རྒྱལ་དུ་ས་ཆ་དེ་རང་གི་ནད་པ55མང་དུ་ཕྱིན་ཡོད། ད་ཐེངས་ཀྱི་རིམས་ནད་བྱུང་ཐེངས་འདིའི་ཁྲོད་ཧུའུ་ནན་ཀྲང་ཅ་ཅེ་ཡི་ཡིད་དབང་འཕྲོག་པའི་ཤང་ཞི་ཞེས་པའི་འཁྲབ་སྟོན་དང་ཁྲང་ཏེའི་ཁྲོན་ཙི་ཧོ་ཡུལ་སྐོར་གྲུ་གཟིངས་གསུམ་པ་གཉིས་རིམས་ནད་རིམ་འདྲེས་འགོས་མཆེད་འགྲོ་ཡུལ་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད།
ཀྲུང་ནན་ཧྲན་གྱིས་དེའི་ཐོག་ནས་བར་སྟོང་ཚད་བཀག་ཅན་གྱི་ཁོར་ཡུག་ནི་ནད་དུག་འགོས་མཆེད་འགྲོ་རྐྱེན་གཙོ་བོ་ཡིན་པ་ཤེས་ཐུབ། གནམ་གྲུ་དང་མེ་འཁོར། ས་འོག་ལྕགས་ལམ་ལྟ་བུ་བར་སྟོང་ཆུང་སར་ཁ་དབུགས་གཙང་བཟོ་མི་འདང་བས་ཕན་ཚུན་འགོས་མཆེད་སླ་ཞེས་གསུངས་པ་དང་། འདི་ནི་ཧ་ཅང་མཐོང་ཆེན་བྱ་དགོས་པའི་གནད་འགག་ཅིག་ཆགས་ཡོད་ཅེས་བརྗོད།

སྤྱི་ཟླ7པའི་ཚེས27ཉིན། ནན་ཅིང་གྲོང་ཁྱེར་གྱི་ནན་ཅིང་གི་རིམས་ནད་སློང་རྐྱེན་ནི་ཏེར་ཐ་འགྱུར་དུག་ཡིན་པ་ཁྱབ་བསྒྲགས་བྱས། ཏེར་ཐ་འགྱུར་དུག་ནི་འཛམ་གླིང་གི་ཏོག་གསར་གློ་ཚད་རིམས་ནད་གཞན་འགྱུར་འགོས་མཆེད་འགྲོ་རྐྱེན་གཙོ་བོར་ཆགས་ཡོད།

ཀྲུང་ནན་ཧྲན་གྱིས་ཏེར་ཐ་འགྱུར་དུག་གི་སྐོར་ཕྱིར་དྲན་བྱེད་སྐབས་ཀོང་ཀྲོའུ་རུ་ཏེར་ཐ་འགྱུར་དུག་གིས་རིམས་ནད་སྐྱེད་མགོ་རྩོམ་སྐབས། ཐོག་མར་ང་ཚོས་དེ་སྔའི་བྱེད་ཐབས་སྤྱད་པ་ཡིན་མོད་ཕན་གོ་ཆོད་ཀྱི་མི་འདུག། ང་ཚོས་ནད་པ་གསར་པར་ལོགས་བཀར་མྱུར་ཚད་གྱིས་ནད་དུག་འགོས་མཆེད་འགྲོ་ཚད་ཀྱི་རྗེས་ཟིན་གྱི་མེད་པ་ཤེས་བྱུང་། སྐབས་དེར་ང་ལ་སེམས་ཁྲལ་ཧ་ཅང་ཆེན་པོ་བྱུང་ཞེས་བརྗོད།
ཀྲུང་ནན་ཧྲན་གྱིས། ཏེར་ཐ་འགྱུར་དུག་འགོས་མཆེད་འགྲོ་མགྱོགས་ཀྱི་རྒྱུ་མཚན་གླེང་སྐབས། ཏེར་ཐ་འགྱུར་དུག་གི་མིའི་ལུས་ཕུང་གི་ཤོང་ཚད་དུག་སྡོང་དཀྱུས་མའི་ལྡབ100ཡིན་པས་འགོས་མཆེད་འགྲོ་ཤུགས་ཧ་ཅང་ཆེ། གཟུགས་པོའི་ནང་བག་ལ་གནས་ཡུན་ཐུང་བས་ཉིན1ནས3བར་ནད་རྟགས་ཐོན་པ་ཡིན། གཟུགས་པོའི་ནང་གི་ནད་དུག་སྲིབ་གཤིས་སུ་འགྱུར་བར་ཉིན13ནས15བར་འགོར་ཡོད་པས་དེ་དུག་སྡོང་དཀྱུས་མ་ལས་ཉིན7ནས9བར་རིང་བ་ཡོད་ཅེས་གསུངས་པར་མ་ཟད། ནད་པའི་ལུས་པོའི་ནང་གི་ནད་དུག་ཤོང་ཚད་མཐོ་ལ་འགོས་མཆེད་འགྲོ་སླ་པོ་ཡོད། དཔེར་ན། ཀོང་ཀྲོའུ་རུ་ཉིན10ཡི་ནང་རིམས་ནད་རབས5ལ་མཆེད་པའི་གནས་ཚུལ་ཐོན་ཡོད་ཅེས་གསུངས།
ཀྲུང་ནན་ཧྲན་གྱིས། ནན་ཅིང་གི་རིམས་ནད་ཀྱི་ནད་དུག་ཤོང་ཚད་དང་། འགོས་མཆེད་རང་བཞིན། རྟོག་དཀའ་བའི་རང་བཞིན་སོགས་ཀོང་ཀྲོའུ་ཡི5.21ཉིན་གྱི་རིམས་ནད་དང་འདྲ་པོ་ཡོད་པ་དང་། ནད་གཞི་ཡང་གྲས་ཀྱི་ནད་པ་མང་ཤོས་ཡིན། ནན་ཅིང་ལུའུ་ཁོའུ་རྒྱལ་སྤྱིའི་གནམ་ཐང་གི་ཉེ་འགྲམ་སྡེ་ཁུལ་དུ་རིམས་ནད་གཅིག་སྡུད་ཐོག་ཐོན་ཡོད་ལ། དེའི་འགོས་ནད་ཕོག་མཁན་མི་ཚོགས་ཀྱི་ལས་རིགས་ཅུང་གཅིག་སྡུད་ཡིན་པ་རེད། ནན་ཅིང་གྲོང་ཁྱེར་སྲིད་གཞུང་གིས་དུས་ཐོག་ཏུ་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་བྱས་ཡོད་པས། ངས་ནན་ཅིང་རིམས་ནད་སྤྱི་ཡོངས་ཚོད་འཛིན་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས།
ནན་ཅིང་གི་རེས་སྐོར་འདིའི་ཐོག་མར་རིམས་ནད་ཕོག་པའི་ནད་པ་མང་ཆེ་བ་ནི་རིམས་འགོག་སྨན་ཁབ་རྒྱག་མྱོང་མཁན་ཡིན་པ་རེད། དེ་ན་མིག་སྔར་རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་རིམས་འགོག་སྨན་ཁབ་ལ་ཏེར་ཐ་འགྱུར་དུག་འགོག་སྲུང་གི་ནུས་པ་ཡོད་དམ། དེ་བརྒྱབ་ན་ཕན་གོ་ཆོད་དམ་ཞེས་དོགས་འདྲི་བྱས་པའི་ལན་དུ། ཀྲུང་ནན་ཧྲན་གྱིས་ཕན་ནུས་ཡོད། ཧ་ཅང་བདེ་འཇགས་ཡིན་ཞེས་གསུངས་ལ། ཁོང་གིས་ཞིབ་དཔྱད་ར་སྤྲོད་བྱས་པའི་ཚན་རིག་གི་གྲངས་གཞི་ཞིག་ལ་བརྟེན་ནས་གསལ་བཤད་གནང་བ་རེད།
ཁོང་གིས་ངོ་སྤྲོད་གནང་བར་གཞིགས་ན། འདི་ལོའི་སྤྱི་ཟླ5པར་ཀོང་ཀྲོའུ་རུ་ཏོག་གསར་གློ་ཚད་ཀྱི་ཏེར་ཐ་འགྱུར་དུག་གིས་རིམས་ནད་རྒྱ་ཆེར་བསྐྱེད་པར་ཞིབ་འཇུག་བྱས་པ་ལས། རང་རྒྱལ་གྱིས་བཟོས་པའི་རིམས་འགོག་སྨན་ཁབ་ལ་སྲུང་སྐྱོང་གི་ནུས་པ་ལྡན་པ་ར་སྤྲོད་ཐུབ་ཡོད། ཞིབ་འཇུག་གི་རགས་རྩིས་ལྟར་ན། རིམས་འགོག་སྨན་ཁབ་ཀྱི་ནད་གཞི་ལྕི་རིགས་ལ་སྲུང་སྐྱོང་བྱེད་པའི་ཕན་འབྲས100%ཡིན་པ་དང་། འབྲིང་ཙམ་དང་། ཡང་བ། ནད་རྟགས་མེད་པ་བཅས་ཀྱི་སྲུང་སྐྱོང་ཕན་འབྲས་སོ་སོ76.9%དང67.2% 63.2%བཅས་ཡིན་ཞིང་། འབྲེལ་ཡོད་ཀྱི་ཞིབ་འཇུག་གྲུབ་འབྲས་རྗེས་མཐུད་ནས་སྤེལ་རྒྱུ་ཡིན་པ་རེད།
གོ་ལ་ཧྲིལ་པོའི་རིམས་ནད་ཀྱི་གནས་ཚུལ་ཛ་དྲག་ཆེ་བའི་སྐབས་འདིར་ང་ཚོས་ཅི་ལྟར་བྱེད་དགོས་སམ་ཞེ་ན། ཀྲུང་ནན་ཧྲན་གྱིས་ལྷོད་གཡེང་གཏོང་རྒྱུ་མེད། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་བྱེད་པ་དང་ཚོགས་སྤྱིའི་རིམས་འགོག་ནུས་པ་འཛུགས་དགོས་ཞེས་གསུངས་ཤིང་། ཁོང་གིས་མི་མང་ས་དང་མཁའ་དབུགས་འཁོར་རྒྱུག་གི་ཆ་རྐྱེན་ཞན་པའི་མི་ཚོགས་ཆེ་སར་ངེས་པར་དུ་ཁ་རས་རྒྱག་དགོས་ཚུལ་གསུངས།  
ཀྲུང་ནན་ཧྲན་གྱིས་རང་བྱུང་རིམས་འགོག་ཅེས་པ་ནི་དོན་དངོས་དང་ཚན་རིག། མི་ཆོས་གང་ལའང་མི་མཐུན་པ་ཞིག་ཏུ་ངེས་འཛིན་བྱེད་ཀྱི་ཡོད། ཡོངས་ཁྱབ་ཏུ་འགོག་ཁབ་བརྒྱབ་ནས་ཚོགས་སྤྱིའི་རིམས་འགོག་མངོན་འགྱུར་ཡོང་བ་བྱེད་པར་གོ་ལ་ཡོངས་ཀྱིས་ལོ2ནས3བར་མཉམ་ལས་མཉམ་རོགས་བྱེད་དགོས་ཀྱི་ཡོད། མིག་སྔར་རང་རྒྱལ་འཛམ་གླིང་གི་རིམས་འགོག་སྨན་ཁབ་བརྒྱབ་གྲངས་མང་ཤོས་ཡིན་མོད། མི་འབོར་གྱི་གཞི་གྲངས་ཆེ་བའི་དབང་གིས་ཀྲུང་གོའི་རིམས་འགོག་སྨན་ཁབ་རྒྱག་པའི་བསྡུར་ཚད་མཐོ་པོ་མེད། ཀྲུང་གོར་འགོག་ཁབ་རྒྱག་ཚད83.3%ལ་སླེབས་ན་གཞི་ནས་ཚོགས་སྤྱིའི་རིམས་འགོག་མངོན་འགྱུར་ཐུབ་པ་ཡིན་ཞེས་གསུངས་པ་དང་།   ཀྲུང་ཧྲན་ཧྲན་གྱིས་གོམ་སྟབས་རྗེས་མར་རིམས་འགོག་སྨན་ཁབ་རྒྱག་རྒྱུར་སྐུལ་འདེད་གང་མགྱོགས་གཏོང་བ་དང་། ཏེར་ཐ་འགྱུར་དུག་ལ་དམིགས་པའི་རིམས་འགོག་སྨན་ཁབ་མགྱོགས་མྱུར་ཞིབ་འཇུག་གསར་སྤེལ་བྱེད་དགོས་ཞེས་གསུངས། །

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གི་གསུང་བཤད་གསེར་ནག་མ་བཞུགས་སོ།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།