ཕ་ཡུལ་དང་འབྱུང་འགྱུར།

ཁམས་སྨྱོན་ཧེ་རུ་ཀ        2021-08-06

   ང་ཚོས་ཕ་ཡུལ་གླེང་ནས་ལོ་ཟླ་ཅི་ཙམ་འགོར་སོང་། དེ་ནི་ཁྱོད་ཀྱིས་ང་ལ་མ་འདྲི། དེ་ནི་ངས་ཀྱང་ཁྱོད་ལ་མི་འདྲི། དེ་ནི་ཁྱོད་དང་ང་ཡི་སེམས་སུ་གསལ་བོར་ཡོད་པས་ཡིན། གནས་སྐབས་འདིར་ཆེས་གལ་ཆེ་བ་ནི་ཕ་ཡུལ་གྱི་འབྱུང་འགྱུར་གྱི་ཁ་ཕྱོགས་དང་གནས་བབ་བཅས་ཡིན། ངའི་སེམས་པའི་དྲན་ངོགས་ན་ནམ་ཡང་འཁོར་བའི་ཕ་ཡུལ་ལགས། ངས་ང་ཡི་སེམས་གཏམ་འདི་ཁྱོད་ལ་འདི་ལྟར་ལྷུག་པར་བརྗོད་དུས། ཁྱོད་ཀྱིས་ཀྱང་སེམས་གཏམ་དེ་ལ་ང་ལ་འདི་ལྟར་ལྷུག་པར་བརྗོད་སྲིད་དམ། ང་ཁྱོད་ཀྱི་པང་དུ་ལོག་ཐེངས་རེར་ང་ལ་སྔར་འདང་དང་ཕྱི་འདང་མང་པོ་ཞིག་རྒྱག་གིན་ཡོད། དེ་ནི་ཁྱོད་ཀྱི་འབྱུང་འགྱུར་གྱི་ཆེད་ཡིན་ལ། ངས་ཅིས་ཀྱང་གཏམ་རྒྱུད་ཅིག་གི་མགོ་ནི་འདི་ལྟར་གླེང་དོན་ཡང་ཁྱོད་ཀྱི་མ་འོངས་པའི་གནས་བབ་ཅིག་གི་ཆེད་དུ་ཡིན། ངའི་སེམས་ཁོང་ན་ངའི་ལྷོག་ལྷོག་ཏུ་ལྡིང་བའི་སྙིང་གི་འཕར་རྩ་དང་མཉམ་དུ་ཤེད་ཀྱིས་འཕག་འགུལ་བྱེད་བཞིན་མཆིས་པ་དེའང་ཁྱོད་ཀྱི་འབྱུང་འགྱུར་དང་གནས་བབ་ཀྱི་ཆེད་དུ་མ་ཡིན་ནམ།

   ང་རང་བྱིས་པ་ཡིན་དུས་ངའི་སྐྱེ་ས་སྐྱེས་ཡུལ་དུ་གྱུར་པའི་གནས་དེ་ན། བཤད་མི་ཚར་བའི་གཏམ་རྒྱུད་མང་པོ་ཞིག་ཡོད་ལ། སྦྲ་ནག་དང་ལུག་ཁྱུའི་བྱུང་རབས་ཀྱང་མང་པོ་ཡོད། ཕ་ཡུལ་ལགས། ང་རང་བྱིས་པ་ཡིན་དུས་ང་ལ་བག་ཆགས་ཟབ་མོ་བཞག་མྱོང་བའི་གཏམ་རྒྱུད་མང་པོ་ཞིག་ད་ལྟ་སྔར་བཞིན་གནས་ཡོད་དམ། སྐབས་དེ་དུས་ངའི་སེམས་པ་དེ་ཅི་འདྲའི་སྤྲོ་ཞིང་ངའི་བསོད་ནམས་ནི་ཅི་འདྲའི་ཆེ་བ་ཨང་། མིག་རྡེབ་དབང་ཙམ་གྱི་རིང་དུ་ལོ་དང་ཟླ་བའི་འཁོར་སྐྱོད་ནི་ཅི་འདྲ་མགྱོགས་པ་ཨང་། ཕ་ཡུལ་གྱི་པང་དུ་ངའི་ལོ་ཟླ་མང་པོ་ཞིག་ང་ཡི་གམ་ལོགས་ནས་ཀྱང་གཙང་པོ་བཞིན་བཞུར་རྒྱུན་ཇི་བཞིན་འདས་སོང་། དེ་རིང་། ཡང་བསྐྱར་ཁྱོད་ཀྱི་པང་དུ་ལོག་དུས། ང་ལ་སྔ་འདང་དང་ཕྱི་འདང་མང་པོ་ཞིག་རྒྱག་དགོས་བྱུང་།

    དེ་སྔར་རྟག་ཏུ་ཕ་ཡུལ་ནི་རང་ལ་རྒྱུས་མེད་དང་བརྩེ་བ་མེད་པའི་ཡུལ་ལུང་ག་གེ་མོ་ཞིག་ཏུ་རྟག་པར་འདོད་མཁན་ག་ཚད་ཡོད། འོན་ཀྱང་དེ་དག་གིས་ནམ་ཉི་མ་ཞིག་ལ་ཕ་ཡུལ་གྱི་རི་ལུང་ཐང་གསུམ་ཉུལ་དུས་རང་གི་ཆེས་སྙིང་ཉེ་བའི་ཕ་ས་ཕ་ཡུལ་ཡིན་པ་གླེང་ཕོད་དམ། འདི་ཡང་མི་སོ་སོའི་རིག་གནས་སེམས་ཁམས་ལ་རག་ལས་ཡོད་པར་འདོད། མ་གཞིར་ཕ་ཡུལ་གྱི་རི་ལུང་ཐང་གསུམ་ལ་དམིགས་བསལ་དགའ་བའི་འདུན་པ་ནི་མི་རིགས་ཀྱི་རིག་གནས་ལ་དགའ་བ་དང་མཚུངས། དངོས་པོའི་དཔལ་ཡོན་གྱི་ཆུ་ཚད་མཐོ་རུ་སྙེག་པའི་དུས་འདིར། ཕ་ཡུལ་ནི་རང་ཉིད་ཆེས་འགྲོ་འདོད་ཀྱི་ཡིད་ཀྱི་དག་ཞིང་ཞིག་ཏུ་འདོད་མཁན་ག་ཙམ་ཡོད་སྲིད།

   ང་རང་དར་མ་ལ་སླེབས་དུས། ངའི་སྐྱེ་ས་སྐྱེས་ཡུལ་དུ་གྱུར་པའི་གནས་དེ་ན། སྦྲ་ནག་དང་ལུག་ཁྱུ་མཐོང་རྒྱུ་མེད་པ་ཅི་ཡིན་ནམ། ཕ་ཡུལ་འགྱུར་སོང་བ་ཅི་ཡིན་ནམ། སྦྲ་ནག་དེ། ལུག་ཁྱུ་དེ་སྔར་བཞིན་མི་འདུག །ལོ་ཟླ་མང་པོ་ཞིག་ངའི་གམ་ལོགས་ནས་གཙང་པོ་བཞུར་རྒྱུན་ཇི་བཞིན་འདས་སོང་བ་གཞི་ནས་རྟོགས་སོང་། ང་ལ་ལྷག་ཏུ་འབྱུང་འགྱུར་གྱི་ཕ་ཡུལ་གྱི་གནས་བབ་ལ་སྔ་འདང་ཕྱི་འདང་མང་པོ་ཞིག་རྒྱག་དགོས་བྱུང་། ལྷག་ཏུ་ད་ལྟའི་གནས་བབ་འདིས་འབྱུང་འགྱུར་གྱི་ཕ་ཡུལ་གྱི་གནས་བབ་ལ་ཕན་པ་ལས་གནོད་ཆེ་བའི་གནས་བབ་དེའང་ཤུགས་ཀྱིས་རྟོགས་བྱུང་།

     ང་རང་ཕ་ཡུལ་གྱི་པང་དུ་ལོག་ཐེངས་རེ་རེར། ངས་བསམ་བློ་ཞིབ་གཏོང་རྒྱག་དུས་ངའི་མི་ཚེ་དུས་གསུམ་གྱི་ཁྲོད་དུ་རྣམ་པར་རྩེན་ཞིང་། ངའི་མི་ཚེའི་སྨོན་འདུན་གྱི་ཀློང་ན་རབ་ཏུ་འཕྱོ་བ་ནི་ཕ་ཡུལ་གྱི་འབྱུང་འགྱུར་དེ་རེད། དེ་རིང་ངས་འདི་ལྟར། ཕ་ཡུལ་གྱི་འབྱུང་འགྱུར་གླེང་བཞིན། གནས་བབ་གླེང་བཞིན། རུ་སྡེ་ཁྲ་མོ་དེ་གླེང་བཞིན། ངའི་ཞེ་ཁོང་ནས་བརྡོལ་བའི་སེམས་གཏམ་འདི་ཕ་ཡུལ་ལ་འདི་ལྟར་ལྷུག་པར་བརྗོད་དུས། ཕ་ཡུལ་གྱི་མི་ཚོགས་ཚོས་ཐོས་སྲིད་དམ། ཕ་ཡུལ་གྱི་འབྱུང་འགྱུར་ལ་བསམ་གཞིགས་གནང་སྲིད་དམ། ངའི་སྙིང་ཁོང་ནས་བརྡོལ་བའི་སེམས་གཏམ་འདི་ལ་ཉན་མཁན་ཡོད་སྲིད་དམ། ཀྱེ་ཧུད་་་་་་་



  • ལེ་ཚན་སྔོན་མ།:༼ ནགས་ཚང་ཞི་ལུའི་སྐྱིད་སྡུག ༽ དང་ཁོའི་མི་ཚེར་ཕྱིར་དྲན་བྱས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།