༼ ནགས་ཚང་ཞི་ལུའི་སྐྱིད་སྡུག ༽ དང་ཁོའི་མི་ཚེར་ཕྱིར་དྲན་བྱས་པ།

འཆི་མེད་ནོར་བུ།        2021-08-04

དགོང་མོར་མལ་དུ་ཉལ་ནས་ནགས་ཚང་ཚང་གི་ཞི་ལུ་ནུས་ཁོའི་བྱིས་དུས་ནས་ནར་སོན་གྱི་བར་ལ་མྱོང་བའི་དཀའ་སྡུག་གི་འཚོ་བར་ཕྱིར་དྲན་ཞིག་བྱས་ན། དེ་ཡི་བྲོ་བ་ནི་རྫོགས་རྒྱུ་མེད་པ་ཞིག་རེད།

ད་ལྟ་ང་ཚོ་ནི་རྒྱུ་ནོར་གྱི་ལོངས་སྤྱོད་གང་མཁོ་གང་དགོས་འཛོམས་པའི་འཚོ་བ་གསར་བའི་བདེ་སྐྱིད་ལ་རོལ་བཞིན་ཡོད་པས། གལ་ཏེ། ང་ཚོས་དཔེ་དེབ་འདི་དག་གི་གཏིང་ཟབ་ཀྱི་ནང་དོན་དང་རིན་ཐང་ལ་ཕྱིར་མིག་རེ་མ་འཕངས་ན། མི་རབས་སྔ་མའི་མགོ་ཐོག་ཏུ་བབས་མྱོང་བའི་སྡུག་བསྔལ་དང་མནར་གཅོད་སོགས་ཅི་ལ་ཤེས།

སླར་ཡང་། བྱིས་པ་འདིའི་མི་ཚེ་ཡི་སྐྱིད་སྡུག་དེ་འཚོལ་སྙེག་བྱེད་དུ་སོང་། ཁོད་ཉིད་ཐོག་མར་ལྟེ་ཁྲག་ས་ལ་འཕོས་ཚེ། རྩ་བའི་བླ་མའི་ཞབས་ལ་བསྟེན་ནས། མིང་ལ་མགོན་པོ་བཀྲ་ཤིས་ཞེས་བཏགས། ད་ནས་བཟུང་ཁོང་གི་མི་ཚེ་མགོ་བརྩམས་ཤིང་།མཐའ་མི་མངོན་པའི་མི་ཚེའི་ལམ་བུ་རྐང་འོག་ཏུ་བརྫིས། རྩ་བའི་བླ་མ་གཙུག་གི་ནོར་བུ་ལ་སྐྱབས་ནས་ཕ་མའི་བྱམས་སྐྱོང་འོག་ལང་ཚོའི་མེ་ཏོག་དལ་གྱིས་བཞད་དོ།། དེ་ཡང་ཁོའི་ཆུང་དུས་ཀྱི་མི་ཚེའི་རྣམ་པ་དེས་ཁོའི་མ་འོངས་པའི་མི་ཚེའི་མཚོན་མ་ཡིན་ནམ། ཡང་ན་ཁོས་ཚེ་འདིར་སྡུག་མོད་པོ་ཞིག་མྱོང་དགོས་པའི་སྔ་ལྟས་ཡིན།མདོར་ན་ཁོ་ནི་བྱིས་པ་གཞན་དང་མི་འདྲ་བའི་བྱིས་པ་ངུ་སྐྱ་ཞིག་ཡིན་པར་གསལ།

དགུན་དུས་ཀྱི་ཉིན་ཞིག་ལ་ཁངས་ཆར་འདྲེས་མའི་ནང་ནས་ཁངས་གང་ཙམ་འདུག ནམ་ཟླ་ཡང་ཇེ་འཁྱག་རེད།མགོན་པོ་བཀྲ་ཤིས་ཀྱི་མ་དྲིན་ཅན་གྱིས་ཁོ་ནམ་རྒྱུན་རྒྱབ་ཏུ་འཁུར་ནས། དགོན་པར་སྐོར་བ་དང་མཆོད་མཇལ་བྱེད་དུ་སོང་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་ཁོའི་ཡ་ང་བའི་ལས་དབང་དེ་ད་ནས་སྒྱུར་ཐབས་འཚོལ་བཞིན་ཡོད་ཅིང་། ཁོ་ནི་མ་དྲིན་ཅན་གྱི་སྙན་འཇེབས་ཀྱི་བཞོ་གླུའི་འགྱུར་ཁུགས་དང་མཉམ་དུ་འཚར་ལོངས་བྱུང་།

ལོ་སར་རྗེས་ཀྱི་དཔྱིད་ཟླ་མགོ་མའི་ནང་དུ། ཁོའི་མ་དྲིན་ཅན་གྱིས་མཚན་མོར་རྨི་ལམ་མི་ཡག་པ་མང་པོ་རྨིས་པ་དང་སེམས་སུ་འཇིགས་སྐྲག་གང་མང་མྱོང་བས། མོས་རང་གི་གཅེས་ཕྲུག་ད་རུང་ལོ་ཆུང་བས་རང་མགོ་མི་ཐོན་པས། རང་ཉིད་ལ་ཅིག་བྱུང་རྒྱུ་རེད་འདོད་ནས་སེམས་ཁྲལ་ཆེན་པོ་བྱས།

དེའི་རྗེས་སུ་ཁོ་ལ་ཆག་སྒོ་ཆེན་པོ་ཞིག་བྱུང་ལ། ཅུང་མ་འགོར་བར་མ་དྲིན་ཅན་ཚེ་ལས་འདས་སོང་ལ། བྲལ་བའི་ཚེ་ན་མོས་ལག་པ་བསྲིངས་ནས་ཁོའི་མགོ་ལ་བྱིལ་བྱིལ་ཡང་ཡང་བྱས་པ་དང་།མོའི་གདོང་ལས་མཆི་མ་བཞུར་བ་ལས་ཁ་མ་གྲགས། ཅུང་ཙམ་འགོར་རྗེས་མ་དྲིན་ཅན་ན་ཟིག་དང་གཟེར་བ་ཅི་ཡང་མེད་པར་ཕ་དྲིན་ཅན་གྱི་པང་དུ་གཉིད་སོང་བ་བཞིན་ང་དང་ཨ་ཕ། གཞི་འཁོར་བ་ཡོད་ཚད་ཤུལ་དུ་བཞག་ནས་གཏན་བྲལ་བྱས་སོང་།

མི་རྟག་འཆི་བ་ལ་འཕྲད་ཚེ་མི་ནི་དེ་འདྲའི་གཉོམ་པོ་དང་ཅོལ་ཆུང་ཞིག་ཡིན་ལ། མཚར་སྡུག་གི་མི་ཚེ་ཞིག་དང་ཚེ་སྲོག་ཞིག་ནི་ད་ནས་གཏན་དུ་མི་མངོན་པར་གྱུར་། མཆོད་མེ་རྐང་གཅིག་གི་མེ་ལྕེ་དེ་རླུང་ཕྲན་གྱིས་བདའ་བ་བཞིན་འོད་མི་གསལ་བར་གྱུར་རོ།།

མ་རུང་བ་ཞིག་ནི་ཁོང་ཚང་ལ་ཆག་སྒོ་ཆེན་པོ་འདི་བྱུང་བ་ནས་བཟུང་། གཅིག་རྗེས་གཉིས་མཐུད་ཀྱིས་ཆག་སྒོ་གང་མང་བྱུང་ལ། རྟ་རྐུན་མས་བརྐུས་པ་དང་ལུག་ཆེ་ཆུང་བཅོ་ལྔ་སྤྱང་ཀིས་བསད།

མགོན་པོ་བཀྲ་ཤིས་ཀྱི་མི་ཚེའི་སྡུག་བསྔལ་ད་ནས་མགོ་བརྩམས་པ་མ་ཡིན་ནམ།

འཇིག་རྟེན་གཏམ་དཔེ་བཞིན་དུ་“མི་ཤི་བའི་ཐོག་ལ་རྒྱུ་ཟད”ཟེར་བ་བཞིན། ད་ནི་ཁོང་ཚང་གི་ཐོག་ལ་རིག་རིག་བལྟས་བལྟས་ལྷུང་ཚར་སོང་། མི་ཁོག་ཆེན་གྱིས་བལྟས་ན་སེམས་སྐྱོ་བ། མི་སེམས་ཆུང་གིས་རིག་ན་ངུ་ཤོར་བ་ཞིག་ཏུ་གྱུར་འདུག།

ཁོའི་མཚན་མོས་རྨི་ལམ་དུ་མ་དྲིན་ཅན་ཡང་ཡང་དུ་རྨིས་ཤིང་།སྔ་མོ་གཉིད་ལས་སད་ཚེ་སྔས་མགོ་མིག་ཆུས་རློན་པ་བྱས་ཡོད། ཁོས་མ་དྲིན་ཅན་བར་དོའི་མུན་ནག་ལས་ཐར་ཕྱིར་ཁ་ནས་མ་ཎི་ངག་མི་འཆད་པར་བཏོན།

འཆི་བདག་ནག་པོ་ལ་སུས་ཀྱང་ངོ་རྒོལ་བྱེད་མི་ཐུབ་ལ། སུ་ཞིག་ཡིན་ཡང་ཉིན་ཞིག་ལ་རྒྱུ་ནོར་དང་དབང་ཆ། གོ་ས་དང་དབང་ཐང་། མཛེས་སྡུག། བདེ་སྐྱིད། ཡོད་ཚད་བསྐྱུར་ནས་བར་དོའི་ཁམས་སུ་འཁྱམས་ནས་འགྲོ་ངེས་ཡིན། དེའི་ཕྱིར་ང་ཚོས་ཚད་ལྡན་གྱི་དུས་ཚོད་ནང་དུ་དོན་སྙིང་ལྡན་པའི་བྱ་བ་དང་མཛེས་སྡུག་ལྡན་པའི་མི་ཚེ་བསྐྲུན་པའི་དགོས་གལ་ཆེའོ།།

མ་དྲིན་ཅན་ནི་མེད་པས་ཁྱིམ་ལ་འཁོར་བ་འཛིན་མཁན་ཞིག་མི་བཙལ་ཀ་མེད་ཡིན་པས། ཁོང་ཚང་གི་འཁོར་བའི་ཁྱིམ་ལས་གཡོག་མོ་ཞིག་ལ་བརྟེན་དགོས་བྱུང་། ཟླ་གཉིས་གསུམ་ཞིག་འགོར་རྗེས་གཡོག་མོ་དེས་ངེད་ཕ་བུ་རྣམས་ལ་ཟས་མནར་གོས་མནར་བྱེད་པ་དང་། ཁྱིམ་གྱི་ཟས་ཞིམ་པོ་རྣམས་རང་སར་ཁྱེར་ནས་ལྐོག་ཟ་ལྐོག་འཐུང་བྱས་སོ།།

དེ་ནས་ངེད་ཚང་གི་འཁོར་བ་མགོ་ནས་རྫོགས་སོང་། ང་ཡང་རིམ་བཞིན་ལག་ཆགས་པས་དགེ་སྡིག་གི་རི་མོ་ནི་རང་གི་རྐང་ལག་གཉིས་ཀྱིས་འབྲི་དགོས་པ་རེད།

དེས་རྗེས་སུ་ནུས་ཁོ་དགོན་པའི་ནང་དུ་ཞུགས་ནས་འཚོག་ཐུག་དང་པོ་བླངས་པ་དང་། མི་ཚེ་གསར་བ་ཞིག་དང་འཚོ་བ་གསར་བ་ཞིག་གིའང་མགོ་བརྩམས་པ་ཡིན། དགོན་པའི་ནང་དུ་ཁོ་ཨ་ཞང་རྒྱ་ཁོ་དང་མཉམ་དུ་བསྡད་པ་ཡིན་ལ། ནམ་རྒྱུན་ཁོང་དགོན་པའི་ཚོགས་ལ་སོང་ཚེ། ནུས་ཁོས་ཚ་ཐབ་ནང་དུ་མེ་འབུད་ནས་ཇ་སྐོལ་བ་དང་། ཁོང་ཕྱིར་ཕེབས་པ་དང་མཉམ་ཟས་ལ་རོལ་བ་ཡིན།

ལས་དབང་ཞིག་གིས་ཁོ་ནི་ཨ་ཞང་རྒྱ་ཁོ་དང་འཕྲད་པ་དང་། ཚོར་བ་ཞིག་གིས་ཁོས་བབ་ཆགས་ཀྱི་འཚོ་བ་ཞིག་རོལ་ཐུབ་པར་གྱུར་རོ།།

བུ་ཆུང་ནུས་ཁོ་དང་ཕུ་བོ། ཨ་ཕ་བཅས་ཀྱིས་སེམས་བརྟན་པོ་ཆོས་ལ་བཅོལ་བཞིན་དབུས་སུ་ཇོ་བོར་མཇལ་དུ་སོང་བའི་ལམ་བར་དུ། ཁོང་ཚོ་ཕྱི་དམག་ལ་འཕྲད་ནས་ཨ་ཕ་བསད་པ་དང་། ཉིན་དེ་ནས་བཟུང་བྱིས་པ་དེ་གཉིས་གཞི་ནས་རྟེན་མེད་བཅོལ་མེད་ཀྱི་དྭ་ཕྲུག་གཉིས་སུ་གྱུར་ཅིང་། དམག་གིས་བཟུང་ནས་བཙོན་ཁང་དུ་བཅུག་པ་དང་། མཐར་སློབ་གྲྭར་འགྲོ་བའི་གོ་སྐབས་ཤིག་རེག་ནའང་། དུས་འགྱུར་གྱི་དབང་གིས་མུ་གེ་བྱུང་ནས། རྟ་ཤ་དང་ཨ་བྲ། ཀོ་སྒྱུ་སོགས་ལག་ཏུ་གང་ལོན་ན་དེ་ཟ་དགོས་ཀྱི་གནས་སུ་ལྷུང་བས། བཀླགས་ནས་མཚམས་འདི་འདྲར་སླེབས་དུས། གདུང་སེམས་མཉམ་བསྐྱེད་ཀྱི་བསམ་བློ་སྐྱེས་ཏེ་མིག་ཟུང་ལས་མིག་ཆུ་དབང་མེད་དུ་ལྷུང་ཡོང་།

བུ་ཆུང་ནུས་ཁོ་ཕུ་ནུ་གཉིས་ཀྱི་མི་ཚེར་ཕྱིར་མིག་ཅིག་བལྟས་དུས། ངས་ནི་རང་ཉིད་ཧ་ཅང་ཅོལ་ཆུང་ཞིག་ཏུ་སེམས་སོང་། རྒྱུ་མཚན། ངས་ད་དུང་གཞན་གྱི་རིག་གནས་དང་ལོ་རྒྱུས་ལ་རྨོངས་དཔྱད་བྱེད་བཞིན་པ་ལས། རང་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ལ་དེ་འདྲའི་གདེང་འཇོག་དང་དོ་སྣང་བྱེད་ཀྱིན་མེད་པས་སོ།།

སྲིད་པ་རྒན་པོའི་གཏམ་དཔེ་ལ།

ལོ་རྒྱུས་ཀྱི་ཚིག་གསུམ་མ་གོ་ན།།

ཕ་ཨ་ཁུ་ཡིན་རུང་ངོ་མི་ཤེས།། ཞེས་གསུངས་པ་བཞིན། ང་རང་ཡང་མི་རིགས་ཤིག་གི་རྗེས་རབས་པ་ཞིག་ཡིན་པའི་ཆ་ནས། མི་རིགས་འདིའི་བདེ་སྡུག་ལ་སེམས་བསམ་པའི་གཏིང་ནས་མཐོང་ཆེན་དང་རྩིས་ཆེན་བྱེད་པའི་འོས་འགན་ཡོད་པས་སེམས་སོ།།

མདོར་དྲིལ་ན། ནགས་ཚང་ཞི་ལུའི་སྐྱིད་སྡུག་གིས་ང་ལ་སྐུལ་མ་དང་སློབ་གསོ་བརྗོད་ལས་འདས་པ་ཞིག་ཐེབས་ཡོད་ལ། ང་རང་ཡང་རང་གི་རིགས་རྒྱུད་དང་ངོ་བོ་མི་འབོར་བར་མུ་མཐུད་དུ་འབད་བརྩོན་ལྷོད་མེད་ཀྱིས་རྒྱང་རིང་གི་ཕྱོགས་སུ་རྨི་ལམ་དེ་འཚོལ་སྙེག་བྱེད་དུ་ཆས་ངེས་སོ།།



  • ལེ་ཚན་སྔོན་མ།:བརྗེད་དཀའ་བའི་དོན་དག་ཅིག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།