བརྗེད་དཀའ་བའི་དོན་དག་ཅིག

ཤེས་རབ་བློ་གསལ།        2021-08-04

   དོན་དག་འདི་ནི་ང་དང་ངའི་ནུ་མོའི་བར་དུ་བྱུང་བའི་དོན་ཞིག་ཡིན།ད་ལྟའི་བར་ལོ་གསུམ་ལྷག་འགོར་ཡོད་རུང་།དོན་དེ་དུས་ནམ་ཡིན་ཡང་རྡོ་བརྐོས་རི་མོ་བཞིན་ངའི་སེམས་ནས་བརྗེད་ཐབས་མེད།

   ཉིན་ཞིག་ལ།ང་དང་ནུ་མོས་རྩེད་མོ་རྩེ་བཞིན་པའི་སྐབས།གནམ་གཤིས་ནི་ཧ་ཅང་ཚ་བས།ངས་སྐོམ་ཆུ་འཐུང་རྒྱུ་དྲན།དེ་བས།ངས་གློ་བུར་དུ་ནུ་མོའི་སྟོད་ཁུག་ནང་དུ་སྒོར་གཉིས་ལྷག་ཡོད་པ་དྲན་ནས།མོ་རང་སོང་ནས་སྐོམ་ཆུ་ཉོ་ཡོང་བའི་རེ་བ་བཏོན།ཡིན་ནའང་།ནུ་མོས་བསམ་བློ་ཡང་ཡང་བཏང་རྗེས༼ ཕུ་བོ།དེ་རིང་སྐོམ་ཆུ་མི་འཐུང་།ངའི་སྒོར་མོ་འདི་ད་དུང་བཀོལ་ས་གཞན་པ་ཡོད༽ ཅེས་བཤད།ངས་ནུ་མོའི་སྐད་ཆ་ཐོས་མ་ཐག་ཏུ་ཁོང་ཁྲོ་ཆེན་པོ་ལངས་ཏེ་མྱུར་དུ༼ ཁྱོད་ནི་ངོ་མ་མི་སེར་སྣ་ཅན་ཞིག་རེད།ངས་ཁྱོད་ལ་ཉོས་མྱོང་པ་མ་ཡིན་ནམ༽ ཞེས་བཤད།ནུ་མོའི་ང་ལ་ཁོང་ཁྲོ་ལངས་པ་མཐོང་ནས།༼ ཕུ་བོ།ཁྱོད་ཁོང་ཁྲོ་མ་ལངས།སྒོར་འདི་ངོ་མ་བཀོལ་ས་གཞན་ཞིག་ཡོད།རྗེས་ནས་ངས་ཁྱོད་ལ་སྐོམ་ཆུ་མང་པོ་ཉོ༽ ཞེས་བཤད།ངས་ཅི་ལྟར་བཤད་ཀྱང་ཕན་ཐོགས་མེད་པ་ཤེས་ནས་ཁ་རོག་གེར་བསྡད།

   དེ་ནས་ངེད་གཉིས་ཐང་ཆད་དེ་ཁྱིམ་དུ་སོང་ཏེ་ངལ་གསོ་བྱེད་སྐབས།ནུ་མོ་གཉིད་སོང་།ངས་མོའི་སྟོད་ཁུག་ལས་ས་ལ་ལྷུང་ཡོད་པ་མཐོང་ནས།རྐང་འཇབ་ལག་འཇབ་ཀྱིས་སྒོར་མོ་ཕྱིར་བླངས།དེ་ནས་ཅུང་མ་འགོར་བར་ནུ་མོ་གཉིད་ལས་སད་དེ་དེ་མ་ཐག་ཏུ་སྒོར་མོ་མེད་པ་མཐོང་ནས་བྲེལ་འཚུབ་ཀྱིས་གང་སར་བཙལ།མཐར་ངས་ཁོ་ལ༼ ཁྱོད་ཀྱིས་སྒོར་དེས་ཅི་ཞིག་བྱ་རྒྱུ་ཡིན༽ ཞེས་དྲིས་པ་ན།ཡིད་ལ་མ་འཆར་བ་ཞིག་ལ་མོས་སྒོར་མོ་དེས་བདག་ལ་སྐྱེས་སྐར་གྱི་ལེགས་སྐྱེས་ཤིག་ཉོ་བའི་ཆེད་དུ་ཡིན་པ་གསལ་བོ་ཤེས་ནས།ང་རང་དེ་མ་ཐག་ཏུ་མིག་ཆུ་ལྷུང་སོང་།

   དེ་ནས་ངས་སྐད་ཆ་ཅི་ཡང་མ་བཤད་ལ།ཅི་ཞིག་བཤད་དགོས་པའང་མི་ཤེས།གདོང་ཧྲིལ་བོ་ཚ་ལམ་ལམ་དུ་གྱུར་ཞིང་བཟོད་དཀའ་བའི་ཚོར་བ་ཞིག་རང་དབང་མེད་པར་སྐྱེས།འདི་ནི་ངོ་མ་ངའི་སེམས་ནས་བརྗེད་ཐབས་བྲལ།


  • ལེ་ཚན་སྔོན་མ།:ཞིང་བ་ཆུང་ཆུང་།
  • ལེ་ཚན་རྗེས་མ།:༼ ནགས་ཚང་ཞི་ལུའི་སྐྱིད་སྡུག ༽ དང་ཁོའི་མི་ཚེར་ཕྱིར་དྲན་བྱས་པ།