ཧྲེན་དབྱང་གིས་བྱ་དགོས་པ་དྲུག་གིས་ལས་དོན་ཁ་ཕྱོགས་བསྟན།

ཐུབ་ཀྱིས་བསྒྱུར།        2021-08-03

    ཉེ་ཆར། ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ལྗོངས་སུ་གཟིགས་ཞིབ་ཕེབས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད།

    ཧྲེན་དབྱང་གིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ལྗོངས་སུ་གཟིགས་ཞིབ་ཕེབས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་ཡག་པོ་བྱ་རྒྱུ་དེ་ད་ཆའི་བོད་འབྲེལ་ལས་དོན་གྱི་ལས་འགན་གལ་ཆེན་དུ་བརྩིས་ནས། དགོངས་དོན་གྱི་མཐིལ་ཡང་དག་པ་ཤེས་ཤིང་། སེམས་སུ་རྒྱལ་ཇུས་དང་རྒྱལ་དོན་ཆེན་པོ་བཅངས་ཏེ་ཆབ་སྲིད་ཀྱི་བརྡ་གཅོད་ནུས་པ་དང་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་ལག་ལེན་ནན་ཏིག་བྱེད་ཅིང་། བརྟན་ཐོག་ཡར་འཕེལ་གྱི་ལས་དོན་སྤྱིའི་བསམ་གཞི་རྒྱུན་འཁྱོངས་དང་། བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་བཅས་ཀྱི་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་ཡག་པོ་བྱས་ཏེ། མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་མགྱོགས་སུ་བྱ་དགོས་ཞེས་གསུངས་པ་རེད།

ཧྲེན་དབྱང་གིས་བསྟན་དོན།

●གཅིག་ནི་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་འཛུགས་དགོས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་ལེན་བྱེད་པ་དང་། འཕེལ་རྒྱས་ཡོད་ཚད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ། དམངས་འཚོ་ལེགས་བཅོས་དང་མི་སེམས་གོང་བུ་གཅིག་སྒྲིལ་བཅས་ཀྱི་དོན་སྙིང་ཡོད་པར་བྱ་དགོས་ལ། འཕེལ་རྒྱས་ཀྱི་གནས་བབ་གསར་པར་ཞབས་འདེགས་དང་དེར་ཞུགས་གང་ཐུབ་བྱས་ཏེ། དཀར་མཛེས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་སྤུས་ཚད་མཐོན་པོའི་འགྲོ་ལམ་དུ་ཧུར་ཐག་ངང་བསྐྱོད་དགོས།

●གཉིས་ནི་ཏང་གི་ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་བྱ་དགོས་ཤིང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་སྣེ་ཁྲིད་ཧུར་ཐག་བྱ་དགོས།

●གསུམ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་བྱེད་ཤུགས་ཆེ་རུ་གཏང་དགོས་ཤིང་། མི་རིགས་ཁག་འབྲེལ་འདྲིས་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་སྤེལ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏང་དགོས།

●བཞི་ནི་རི་ཆུ་སྔོ་ཞིང་ལྗང་བ་ནི་གསེར་རི་དངུལ་རི་ཡིན་ལ། རི་ཀླུང་ཁ་བས་གཡོགས་པ་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བཅང་དགོས་ཤིང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་འཁྱག་བཅས་སྲུང་སྐྱོང་གཞི་གཅིག་ཅན་དང་བཅོས་སྐྱོང་རྒྱུད་རིམ་ལྡན་པ་བྱས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ཡག་པོ་བྱེད་པ་དང་། དཀར་མཛེས་ཁུལ་གྱི་སྐྱེ་དངོས་སྲོག་ཆགས་དང་རི་ཆུ་གྲངས་ལས་འདས་པ་སྲུང་སྐྱོང་ཡག་པོ་བྱ་དགོས།

●ལྔ་ནི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་ཡུལ་སྡེ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་ཕན་ཚུན་འབྲེལ་མཐུད་གོ་ཆོད་པོ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏང་དགོས་ཤིང་། ངས་མང་ཚོགས་ལ་དོན་དངོས་སྒྲུབ་ཅེས་པའི་ལག་ལེན་བྱེད་སྒོ་སྤེལ་བ་དང་བསྟུན་ནས། མང་ཚོགས་ཀྱི་དཀའ་འཚུབ་སྐྱོ་རེའི་དམངས་འཚོའི་དོན་དངོས་སྒྲུབ་ཤུགས་ཆེ་རུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས།

●དྲུག་ནི་ལོ་རྒྱུས་སྦྱངས་ནས་བརྩོན་ཤུགས་སྐྱེད་པ་དེ་དོན་ལ་བབས་སར་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་ཤིང་། ཏང་གི་ལོ་བརྒྱའི་ལོ་རྒྱུས་ལས་གསར་བརྗེའི་སྟོབས་ཤུགས་བསྡུ་བ་དང་། གསར་བརྗེའི་རྒྱུད་རྒྱུ་རྒྱུད་འཛིན་བྱེད་པ། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། སྦྱངས་འབྲས་དེ་ཉིད་དཀར་མཛེས་ཁུལ་ཡུན་རིང་བདེར་འཁོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དྲག་པོ་རུ་བསྒྱུར་དགོས།

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་ཁམས་པའི་མཐོ་སྒང་རྩི་ཤིང་གླིང་གི་སྒོ་ཕྱེས་པ།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་གིས་ནད་རིམས་བྱུང་ཚུལ་འགོག་ཟོན་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་།
  • དོ་སྣང་ཆེ་བའི་རྩོམ།