རང་ཁུལ་གྱིས་སྤྱི་ཁྱབ་ཆུ་དཔོན་གྱི་ཚང་འཛོམས་གྲོས་ཚོགས་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2021-08-02

ཕྱོགས་ཡོངས་ནས་ཆུ་མཚེའུ་ལ་དོ་དམ་དང་སྲུང་སྐྱོང་ཡག་པོ་བྱས་ཏེ། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོར་བཟོ་དགོས།

སྤྱི་ཟླ7པའི་ཚེས27ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་སྤྱི་ཁྱབ་ཆུ་དཔོན་དང་པོ་ཧྲེན་དབྱང་གིས2021ལོའི་ཁུལ་སྤྱི་ཁྱབ་སྤྱི་ཁྱབ་ཆུ་དཔོན་གྱི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པས་ཁྲིད་སྟོན་དུ་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། འཕྱུགས་མེད། གནད་འཁེལ་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། ཆུ་བོ་དང་མཚེའུ་དོ་དམ་དང་སྲུང་སྐྱོང་ལ་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱེད་པ། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་དུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས་པའི་ནན་གསུང་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་དཔོན། ཁུལ་སྤྱི་ཁྱབ་ཆུ་དཔོན་ཞའོ་ཡིའུ་ཚའེ་གྲོས་ཚོགས་སུ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧྲུའུ་ཏ་ཁྲུན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་གྲོས་ཚོགས་སུ་ཞུགས་པ་རེད།

གྲོས་ཚོགས་སུ་ཀྲུང་དབྱང་དང་ཞིང་ཆེན་གྱི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲི་ཆུའི་སྲུང་སྐྱོང་བཅའ་ཁྲིམས》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་།《2021ལོའི་ཁུལ་ཡོངས་ཀྱི་རེས་སྐོར་དང་པོའི་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ཀྱི་ལྐོག་ཞིབ་ལྟ་ཞིབ་ལས་ཤེས་རྟོགས་བྱུང་བའི་དཔེ་མཚོན་གནད་དོན་གྱི་ཆེད་དོན་བརྙན་ཚན》ལ་ལྟ་བ་དང་། ཁུལ་ཡོངས་ཀྱི་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་ཚུལ་དང་འབྲེལ་ཡོད་གཙོ་གནད་ལས་དོན་སྤེལ་ཚུལ་སོགས་ཀྱི་སྙན་ཞུར་ཉན་པ་རེད།

ཧྲེན་དབྱང་གིས་བསྟན་དོན། ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་གཏང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ཁུལ་ཡོངས་ཀྱི་ཆུ་བོ་དང་མཚེའུ་དོ་དམ་ཡག་པོ་དང་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་རིམ་ཁག་མགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་འདུ་ཤེས་དང་། འཐབ་ཇུས་བསམ་གཞིགས། བརྒྱུད་རིམ་ལྡན་པའི་འདུ་ཤེས་བཅས་ལ་ཞིབ་བཤེར་བྱས་པ་ཞིག་རེད། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་དཔྱད་དཔོག་ལ་གཞི་ཚུགས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ཀྱི་ལས་འགན་ཁག་ལ་སྐུལ་འདེད་བཏང་སྟེ་ཁུལ་ཡོངས་ཀྱི་ཆུ་བོ་དང་མཚེའུ་དྭངས་ཤིང་གཙང་ལ། ཆུ་ངོགས་སྔོ་ཞིང་ལྗང་བ། ཆུ་བོ་ཤར་བགྲོད་ཐུབ་པ། ཡུལ་ལྗོངས་མཛེས་པ་བཅས་ཡོང་བར་འགན་ལེན་བྱ་དགོས་ཞེས་གསུངས་པ་རེད།

ཧྲེན་དབྱང་གིས་ནན་གསུང་གནང་དོན། རྒྱུད་ཁོངས་བསམ་གཞིགས་རྒྱུན་འཁྱོངས་བྱས་ཏེ་ས་ཁོངས་ཡོངས་ཀྱི་འཕེལ་རྒྱས་དང་ཆུ་བོ་དང་མཚེའུ་སྲུང་སྐྱོང། ཆུ་བོ་དང་མཚེའུ་དོ་དམ་དང་གནད་དོན་དག་ཐེར། ཁྲིམས་ལྟར་ཆུ་བཅོས་དང་སྤྱི་ཚོགས་བཅོས་སྐྱོང་བཅས་གཅིག་གྱུར་གྱིས་འཆར་འགོད་ཡག་པོ་བྱས་ནས་ཆེས་ནན་ཤོས་ཀྱི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་རྒྱུན་རྣམ་ཅན་གྱིས་ཆུ་ལམ་གཙང་སེལ་དང་། ཆུ་ངོགས་སྲུང་སྐྱོང་། ཆུ་སྤུས་དག་གཙང་། ཆུ་བོ་སྲུང་སྐྱོང་བཅས“བྱ་སྤྱོད་བཞི”དམ་འཛིན་ཡག་པོ་བྱེད་པ་དང་། རིམ་ཁག་དང་རིགས་ཁག་གི་ལྟ་ཞིབ་ལྡོག་ལན་དང་རང་བཤེར་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་ཡག་པོ་བྱེད་ཅིང་། ཆུ་གློག་ཆུང་གྲས་གཙང་སེལ་དང་ཆུ་བོ་དང་མཚེའུ་ཡི“སྣང་ཚུལ་ངན་པ་བཞི་གཙང་བཤེར་”སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་གི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏང་དགོས། ནུས་ཤུགས་ཡོད་རྒུས་འགན་འཁྲི་ཚད་ལྡན་བསྒྲུབས་ཏེ་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་མིང་ཡོད་འགན་ཡོད་ནས་ནུས་ཡོད་ཕན་ཡོད་དུ་བསྒྱུར་དགོས། ཆུ་དོ་དམ་དང་བཅོས་སྐྱོང་གི་ཐད་མུ་མཐུད་དེ་ཤུགས་རྒྱག་པ་དང་། འགན་འཁྲི་ཁ་གསལ་དོན་འཁྱོལ་དང་། ལྟ་ཞིབ་དང་དཔྱད་ཞིབ་ལ་ཤུགས་རྒྱག་པ། ལས་ཀའི་འགན་ལེན་ལ་ཤུགས་རྒྱག་པ་བཅས་བྱས་ནས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱ་དགོས། དྲིལ་བསྒྲགས་ཁྲིད་སྟོན་མུ་མཐུད་དེ་གཏིང་ཟབ་ཏུ་གཏོང་བ་དང་། དྲིལ་བསྒྲགས་ཀྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། དྲིལ་བསྒྲགས་ཀྱི་གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ནས་དེ་བས་རྒྱ་ཁྱབ་དང་། དེ་བས་ཕུན་སུམ་ཚོགས་པ། དེ་བས་ཁྱབ་གདལ་བཅས་ཀྱི་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་དྲིལ་བསྒྲགས་བྱས་པར་བརྒྱུད་དེ་སྤྱི་ཚོགས་ཡོངས་ཆུ་བོ་དང་མཚེའུ་སྲུང་སྐྱོང་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་གསུངས་པ་རེད།

ཞའོ་ཡིའུ་ཚའེ་ཡིས་ཁུལ་དང་རྫོང་གི་ཆུ་ཚད་བགོ་བཤའ་དང་དོ་དམ་ཚོད་འཛིན་ཚན་པའི་མ་ལག་བཙུགས་ནས་ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཚོད་འཛིན་དང་། ཆུ་སྤྱོད་ལས་ཕྱོད་ཚོད་འཛིན། ཆུའི་ནུས་པའི་ཁུལ་གྱི་སྦགས་བཙོག་ཚོད་འཛིན་བཅས་ཀྱི“དམར་ཐིག་གསུམ”ནན་སྲུང་བྱ་དགོས། ཆུའི་སྦགས་བཙོག་འགོག་བཅོས་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་གནད་སྨིན་བཙོག་བཅོས་དང་། ཚན་རིག་དང་མཐུན་པའི་བཙོག་བཅོས། ཁྲིམས་ལྟར་བཙོག་བཅོས་བཅས་ལ་སྐུལ་འདེད་གཏིང་ཟབ་གཏང་དགོས། ཆུ་བོ་གཅིག་ལ་སྲིད་ཇུས་གཅིག་དང་མཚེའུ་གཅིག་ལ་སྲིད་ཇུས་གཅིག་ལག་ལེན་བསྟར་ནས་ཆུའི་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ་ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས། གཞན་ཡང་“ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། འགན་འཛོལ་གྱི་འགན་འཁྲི་བདའ་འདེད་གཏོང་བ”བཅས་དོན་འཁྱོལ་ནན་པོ་བྱས་ཏེ་འབྲུབ་འགོག་གེགས་སེལ་དང་ས་གཤིས་གནོད་འཚེ་འགོག་བཅོས་ཀྱི་དམག་འཐབ་དྲག་པོ་ལས་མཐའ་གཅིག་ཏུ་རྒྱལ་ཁ་འཐོབ་པ་བྱ་དགོས། ཆུའི་དཔལ་འབྱོར་འཕེལ་རྒྱས་གཏང་རྒྱུ་དེ་དཔལ་འབྱོར་འབྱུང་འཕྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་ཆུའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏང་དགོས།

ཁུལ་རིམ་པའི་ཆུ་དཔོན་དང་མཚེའུ་དཔོན་གྱི་འགན་འཁུར་བའི་ཁུལ་གྱི་མགོ་ཁྲིད་དང་ཁུལ་གྱི་སྤྱི་ཁྱབ་ཆུ་དཔོན་གཞུང་ལས་ཁང་དང་། ཁོངས་མིའི་སྡེ་ཚན། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཏོག་གསར་གློ་རིམས་འགོག་ཟོན་ཐད་བཏང་བའི་བརྡ་ཐོ་ཛ་དྲག་མ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
  • དོ་སྣང་ཆེ་བའི་རྩོམ།