ཧྲེན་དབྱང་གིས་ནད་རིམས་བྱུང་ཚུལ་འགོག་ཟོན་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2021-08-04

ཧྲེན་དབྱང་གིས་ནད་རིམས་བྱུང་ཚུལ་འགོག་ཟོན་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་།

ཧྲེན་དབྱང་གིས་དར་མདོ་གྲོང་ཁུལ་གྱི་ལིང་ལི་སྒོ་རྩིས་ཚོང་ཁང་དུ་རིམས་ནད་འགོག་བཅོས་ཚོད་འཛིན་ལས་ཀར་ཞིབ་བཤེར་དང་ལྟ་སྐུལ་ཁྲིད་སྟོན་གནང་བཞིན་པའི་ཚུལ་རེད།

མིག་སྔར་ཛ་དྲག་ཆེ་ལ་རྙོག་འཛིང་ཆེ་བའི་རིམས་ནད་བྱུང་ཚུལ་གྱི་གནས་བབ་ལ་ཁ་གཏད་འཇལ་ཆེད། སྤྱི་ཟླ7པའི་ཚེས29དང་ཚེས30ཉིན་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་སྔོན་རྗེས་སུ་བརྙན་འཕྲིན་བཀོད་གཏོང་ཚོགས་འདུ་དང་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་འཚོགས་ནས་ཁུལ་ཡོངས་ཀྱི་རིམས་ནད་ཟོན་འགོག་ཚོད་འཛིན་ལས་དོན་ཡང་དུ་བཀོད་སྒྲིག་མཛད་པ་རེད།

ཧྲེན་དབྱང་གིས་རིམ་པ་སོ་སོ་དང་སྡེ་ཚན་སོ་སོས་ད་ཐེངས་ཞིང་ཆེན་ཕྱི་ནས་ཁྱབ་མཆེད་ཡོང་བའི་ཐོལ་བྱུང་རིམས་ནད་ཀྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱས་ཤིང་། ལྷོད་གཡེང་གི་བསམ་བློ་ཁྱད་བསད་བྱས་ཏེ་འགོག་ཟོན་ཚོད་འཛིན་དུས་སྐབས་ཀྱི་རྣམ་པར་འཇུག་ནས་རིམས་ནད་འགོག་ཟོན་ཚོད་འཛིན་བྱ་རྒྱུ་དེ་མིག་སྔའི་ཆེས་གལ་འགངས་ཆེ་བའི་ལས་འགན་ལ་བརྩིས་ནས་དམ་འཛིན་བྱས་པར་བརྟེན། ཀྲུང་དབྱང་དང་ཞིང་ཆེན་གྱི་ཐབས་ཇུས་བཀོད་སྒྲིག་གསར་པའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་ཚན་རིག་དང་མཐུན་པ་འགོག་ཟོན་ཚོད་འཛིན་དང་། འགོག་ཟོན་ཚོད་འཛིན་གནད་སྨིན་། གོ་རིམ་ལྡན་པའི་ངང་འགོག་ཟོན་ཚོད་འཛིན་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། “ཕྱི་ནས་ཁྱབ་མཆེད་ཡོང་བར་འགོག་ཟོན་དང་ནང་ཁུལ་དུ་བསྐྱར་དུ་ཐོན་རྒྱུར་འགོག་ཟོན་བྱེད་པ། མི་དང་དངོས་ཟོག་མཉམ་དུ་འགོག་པ”བཅས་ཀྱི་ལས་དོན་ཁག་ལ་སྔར་བས་དམ་འཛིན་ཡག་པོ་བྱས་ནས་ཁུལ་ཡོངས་ཀྱི་ཐོབ་དཀའ་བའི་རིམས་ནད་འགོག་ཟོན་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་བརླིང་དང་གོ་རིམ་ལྡན་པ་ཡོང་རྒྱུ་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

གཙོ་གནད་ས་ཁུལ་དང་གཙོ་གནད་ཁྱབ་ཁོངས། གཙོ་གནད་འགག་རྩ་བཅས་ཀྱི་རིམས་ནད་འགོག་ཟོན་ཚོད་འཛིན་གྱི་ལས་དོན་གནས་ཚུལ་ཁོང་དུ་ཆུད་ཆེད། སྤྱི་ཟླ7པའི་ཚེས31ཉིན་ལ་ཧྲེན་དབྱང་གིས་སྔོན་རྗེས་སུ་དར་མདོ་གྲོང་ཁྱེར་གྱི་ལིང་ལི་སྒོ་རྩིས་ཚོང་ཁང་དང་། ཧུའེ་རིགས་སློབ་ཆུང་། དར་མདོའི་རླངས་འཁོར་འབབ་ཚུགས།གཡག་མདོ་མྱུར་བགྲོད་གཞུང་ལམ་གྱི་དར་མདོའི་འཇུག་སྒོ། ཧོང་ཏ་མིང་ཡོན་གཞིས་ཁུལ། རྒྱ་ཡུལ་ལྟག་སྒོའི་ཉོ་ཚོང་ཁྲོམ་ར་བཅས་སུ་ཕེབས་ནས་རིམས་ནད་འགོག་ཟོན་ཚོད་འཛིན་གྱི་འབྲེལ་ཡོད་ལས་དོན་སྤེལ་ཚུལ་ལ་ཡུལ་དངོས་སུ་བརྟག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་བྱས་པ་རེད།

ཧྲེན་དབྱང་གིས་རིམ་པ་ཁག་དང་སྡེ་ཁག་སོ་སོས་ཉེན་ཁ་གྲལ་བཤེར་དང་དོ་དམ་ཚོད་འཛིན་ལ་དམ་འཛིན་ཏན་ཏིག་བྱས་ནས་ཉེན་ཁ་ཆེ་བའི་ས་ཁུལ་དང་དེ་བཞིན་འབྲེལ་ཡོད་ས་ཁུལ་དུ་ཁུལ་ནང་དུ་ཡོང་མཁན་ལ་གྲལ་བཤེར་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་། གཞི་གྲངས་ཆེན་པོའི་ཆ་འཕྲིན་ལག་རྩལ་བེད་སྤྱོད་གང་ལེགས་བྱེད་པ། གཞིས་ཁུལ་དུ་དྲ་བ་ཅན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏང་རྒྱུ། རྗེས་འདེད་དོ་དམ་ཚོད་འཛིན་དང་བདེ་ཐང་དོ་དམ་ཡག་པོ་བྱས་ནས་རིམས་ནད་མཆེད་ལམ་མཐའ་གཅིག་ཏུ་འགོག་བཅད་བྱ་དགོས། ས་ཁོངས་ནང་དུ་ཡོང་སྐབས་གྲལ་བཤེར་དང་མི་སྣ་བཤེར་མཇལ། ཁག་བགོས་གནད་སྨིན་སོགས་ཀྱི་འགག་སྒོའི་འགོག་ཟོན་ཚོད་འཛིན་ལས་དོན་ཚད་ལྡན་ངང་ཡག་པོ་བསྒྲུབ་རྒྱུ་དང་འཚུབ་བསྟུན་ཐག་གཅོད་ཀྱི་སྔོན་བཀོད་ཇུས་གཞི་ཞིབ་ཕྲ་བཟོས་ཤིང་འཐུས་སྒོ་ཚང་དུ་བཏང་ནས་ཞིབ་བཤེར་བྱ་དགོས་རིགས་ཞིབ་བཤེར་བྱེད་པ་དང་། ཉིང་སྐྱུར་བཤེར་འཇལ་བྱ་དགོས་རིགས་ཚང་མར་ཉིང་སྐྱུར་བཤེར་འཇལ་བྱེད་པ། ཟུར་བཀར་བྱ་དགོས་རིགས་ཚང་མ་མི་གཅིག་ཀྱང་མ་ལུས་པ་ཟུར་བཀར་བྱ་དགོས། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ས་ཁུལ། གཙོ་གནད་འགག་རྩ་བཅས་ལ་དམ་པོར་དམིགས་ཏེ་བདེ་ཐང་ཨང་རྟགས་ཁྱེར་ནས་འགྲོ་འོང་བྱེད་པ་དང་།ལུས་པོའི་དྲོད་ཚད་འཇལ་བ། ཁ་བཤུབས་རྒྱག་པ། སྤྱི་ཚོགས་འབྲེལ་བའི་ཐད་མིའི་བར་གྱི་རྒྱང་ཐག་སྲུང་འཛིན་བྱས་པ་སོགས་ཀྱི་བྱེད་ཐབས་ལག་བསྟར་ནན་པོ་བྱས་ནས་མི་མང་འཛོམས་ཡུལ་གྱི་རིམས་འགོག་ཞིབ་བཤེར་དང་། ཁོར་ཡུག་ལ་ནད་དུག་བསད་པ། འཕྲོད་བསྟེན་དག་བཅོས་བཅས་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་ཁྱབ་མཆེད་ཀྱི་ཉེན་ཁ་ཆུང་དུ་གཏང་དགོས། རིམས་འགོག་སྨན་ཁབ་རྒྱག་རྒྱུར་སྐུལ་འདེད་མགྱོགས་པོར་གཏོང་བ་དང་། ཚན་རིག་དང་མཐུན་པ་རིམས་འགོག་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ལ་མི་སྒེར་གྱི་འགོག་སྲུང་མུ་མཐུད་ཡག་པོ་བྱ་རྒྱུའི་ཁྲིད་སྟོན་བྱེད་པ། མི་དམངས་འདུ་འཛོམ་བྱ་ཡུལ་གྱི་རིམས་ནད་འགོག་ཟོན་ལས་དོན་ལ་གཞོགས་འདེགས་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་རིམས་ནད་ལ་འཐབ་པའི་མཉམ་ཤུགས་ཆེན་པོ་གོང་བུར་གཅིག་ཏུ་འགྲིལ་བ་བྱ་དགོས།

ཧྲེན་དབྱང་གིས་ཁུལ་གྱི་ཏོག་གསར་གློ་ཚད་རིམས་ནད་འཚུབ་བསྟུན་བཀོད་འདོམས་པུའུ་ཡིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། རིམ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་རྒྱུ་ནན་ཐོག་ནན་འཛིན་བྱེད་པར་ལྟ་སྐུལ་ཁྲིད་སྟོན་བྱས་ཏེ། མཉམ་དུ་འགོག་ཟོན་ཚོད་འཛིན་ཡག་པོ་བྱེད་པ་དང་། འགོག་ཟོན་ཚོད་འཛིན་གྱི་ལམ་སྲོལ་ལེགས་སུ་གཏོང་བ།འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་རིམས་ནད་འགོག་ཟོན་ཚོད་འཛིན་གྱི་བཀོད་སྒྲིག་དོན་འཁྱོལ་ཞིབ་ཕྲ་ཡོང་བར་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།། 


  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་བྱ་དགོས་པ་དྲུག་གིས་ལས་དོན་ཁ་ཕྱོགས་བསྟན།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་གིས་འཚམས་འདྲི་ཚོགས་པ་ཁྲིད་ནས་རང་ཁུལ་དུ་བཅའ་སྡོད་བྱེད་མཁན་དམག་དཔུང་གི་དཔོན་དམག་ལ་འཚམས་འདྲི་གནང་སྐབས་དམག་དཔུང་དང་ས་གནས་ཀྱི་འཕེལ་རྒྱས་མཉམ་དུ་འཛིན་དགོས
  • དོ་སྣང་ཆེ་བའི་རྩོམ།