ཐུབ་ཀྱིས་བསྒྱུར་ཞུས་བྱས། 2021-08-04
ད་ཆའི་རིམས་ཚུལ་གྱི་གནས་བབ་ཧ་ཅང་ཛ་དྲག་ཆེན་པོ་ཡིན་ཞིང་། རྒྱལ་ནང་གི་སྤྱིའི་རིམས་ཚུལ་ནི་ཏེ་ཨེར་ཐ་ཞེས་པའི་ཏོག་གསར་འགྱུར་དུག་དེ་རེད། ནན་ཅིང་དུ་ནད་དེ་ཕོག་མཁན་དང་དེར་འབྲེལ་ནད་རྟགས་མེད་མཁན302ཡོད་པར་མ་ཟད། དེར་འབྲེལ་ཞིང་ཆེན8དང་གྲོང་ཁྱེར12ཏེ་ཀོང་ཏུང་གི་ཀྲུང་ཧྲན་དང་ཀྲུའུ་ཧའེ།ལིའོ་ལིང་གི་ཧྲེན་དབྱང་། ཨན་ཧུའེ་ཡི་མཱ་ཨན་ཧྲན་དང་ཝུའུ་ཧྥུ། ཅང་སུའུ་ཡི་ཧྲུའུ་ཆན་དང་དབྱང་ཀྲུའུ། སི་ཁྲོན་གྱི་མེན་དབྱང་དང་ལུའུ་ཀྲུའུ། དབྱི་པིང་། ཧྲན་ཏུང་གི་ཡན་ཐེ། ཧུའུ་ནན་གྱི་ཀྲང་ཅ་ཅེ་བཅས་ལ་ཁྱབ་མཆེད་སོང་ཡོད།
དེ་ཡང་ཧུའུ་ནན་ཀྲང་ཅ་ཅེ་རུ་ཡུལ་སྐོར་ལས་བྱུང་བའི་ཏོག་གསར་གློ་རིམས་ཕོག་མཁན54ཡོད་ཅིང་དེར་འབྲེལ་ཞིང་ཆེན6དང་གྲོང་ཁྱེར12ཏེ་ཧུའུ་ནན་གྱི་ཁྲང་ཧྲ་དང་ཀྲུའུ་ཀྲོའུ།ཁྲང་ཏེ། ཞང་ཞི་ཀྲོའུ། ཞང་ཐེན། དབྱི་དབྱང་དང་། ལིའོ་ལིང་གི་ཏ་ལེན། སི་ཁྲོན་གྱི་ཁྲེང་ཏུའུ། པེ་ཅིང་། ཅང་སུའུ་ཧོའེ་ཨན། ལིང་ཞའི་ཡིང་ཁྲོན། ཧུའུ་པེའི་ཧུང་ཀང་བཅས་ལ་ཁྱབ་མཆེད་སོང་ཡོད། རྒྱལ་ཡོངས་སུ་ཉེན་ཁ་ཆེ་བའི་ས་ཁུལ་བཞི་ཡོད་དེ་ཡན་ནན་ལ1དང་། ཅང་སུའུ་ལ2དང་། ཧོ་ནན་ལ1ཡོད། ཉེན་ཁ་འབྲིང་གི་ས་ཁུལ114ཡོད་དེ་ཡུན་ནན་ལ2དང་། ཅང་སུའུ་ལ67དང་། ཧུའུ་ཅན་ལ2 ཧུའུ་ནན་ལ22 སི་ཁྲོན་ལ6ལིའོ་ལིང་ལ2 ཧུའུ་པེ་ལ2 ཧའེ་ཁུའེ་ལ1 ཧོ་ནན་ལ6བཅས་ཡོད།
▼ཏོག་གསར་འགྱུར་དུག་ཏེ་ཨེར་ཐ་ཞེས་པ་ནི་དུག་ངན་པ་ཅི་འདྲ་ཞིག་རེད།
གཅིག། ནད་འགོས་ཧ་ཅང་མགྱོགས་པོ་ཡོད།
ཞིང་ཆེན་བརྒལ་ནས་འགོ་བཞིན་ཡོད་ཅིང་། ད་ཆར་རང་རྒྱལ་གྱི་གྲོང་ཁྱེར20ལ་ཁྱབ་མཆེད་སོང་ཡོད། འཛམ་གླིང་གི་རྒྱལ་ཁབ100ཡས་མས་ལ་འགོས་ཡོད་ཅིང་ད་སྔའི་བར་ཆེས་འགོས་སླ་བའི་ཏོག་གསར་འགྱུར་དུག་ཡིན་པ་རེད།
གཉིས། ནད་འགོས་ཤུགས་ཧ་ཅང་ཆེ།
ཀོང་ཏུང་ཀོང་ཀྲུའུ་རུ་ཉེ་སར་ཐུག་མེད་པའི་གནས་ཚུལ་འོག་སྐར་ཆ14ལ་ནད་འགོས་ཡོད་པའི་དཔེ་མཚོན་ཡོད། དབྱིན་ཇིས་ཉེ་དུས་གཟའ་འཁོར་གཅིག་གི་ཏེ་ཨེར་ཐའི་ནད་པ་སྔར་ལས་བརྒྱ་ཆ46མང་ཡོད་པར་བཤད་ཅིང་དབྱིན་ཇིའི་གསར་བྱུང་ནད་པའི་ནང་དུ་བརྒྱ་ཆ99ནི་ཏེ་ཨེར་ཐའི་འགྱུར་དུག་ཕོག་མཁན་ཡིན། ཏེ་ཨེར་ཐའི་ནད་དུག་ལ་འགྱུར་ཚུལ13ཡོད་ཅིང་དེ་དག་གིས་ནད་དུག་འགོས་སྟངས་དང་དུག་སྲིན་འགོག་རྫས་སྙོམ་སྦྱོར་བྱ་ཡུལ་གྱི་ནུས་པ་ལ་ཤུགས་རྐྱེན་ཐེབས་ཐུབ་པ་ཞིབ་འཇུག་དན་གྲངས་ལས་མངོན་ཡོད།
གསུམ། ནད་གབ་ཡུན་ཐུང་།
ཡོན་རམས་པ་ཀྲུང་ནན་ཧྲན་གྱིས་ཏེ་ཨེར་ཐའི་ནད་དུག་དེ་ལུས་ལ་གབ་པའི་དུས་ཡུན་ཐུང་ཞིང་ཉིན་གཉིས་གསུམ་ནས་ན་བ་དང་། ཁ་ཤས་ཆུ་ཚོད24ཡི་ནང་དུའང་ན་སྲིད་ཅིང་། ཉིན་བཅུའི་ནང་དུ་མི5ལ་བརྒྱུད་འགོས་བྱེད་ཐུབ་ཅེས་གསུངས་པ་རེད།
བཞི། ནད་རྟགས་མངོན་གསལ་མིན།
ཏེ་ཨེར་ཐའི་ནད་དུག་ཕོག་དུས་ཐོག་མར་ལུས་ཤུགས་དང་སྣ་དབང་ཉམས་པ་དང་། ཤ་ནོག་ན་སྦྲིད་ཅུང་ཡང་པོའི་ནད་རྟགས་ལས་མེད་པས། ཏོག་གསར་ནད་དུག་འགྱུར་བ་བྱུང་མེད་པའི་དེ་སྔོན་གྱི་ཚ་བ་རྒྱག་པ་དང་ཤུགས་མེད་པ། སྐམ་ལུ་བྱེད་པ་ལྟར་མ་ཡིན། ད་དུང་གྲེ་བ་ཟ་འཁྲུག་ལངས་ཤིང་ན་བ་དང་། སྣ་འཚང་བ།སྣ་ཆུ་ཤོར་བ། ཁོག་པ་བཤལ་བ། དྲི་རོ་མི་ཚོར་བ་བཅས་ཀྱི་ནད་རྟགས་ཀྱང་འབྱུང་སྲིད།
ལྔ། སྨན་བཅོས་དུས་ཡུན་རིང་བ།
ད་ཆའི་བརྟག་འབྲས་ལ་གཞིགས་ན། ཏེ་ཨེར་ཐའི་འགྱུར་དུག་ཕོག་མཁན་དེ་སྔོན་གྱི་ཏོག་གསར་གློ་རིམས་ཕོག་པའི་ནད་པ་བསྡུར་ན་སྨན་བཅོས་དུས་ཡུན་རིང་ཞིང་ནད་ཚབས་ཆེན་དུ་འགྱུར་ཉེན་ཡང་ཆེ་བ་རེད།
དྲུག། ཉེ་སར་ཐུག་མཁན་གྱི་གོ་དོན་ལ་འགྲེལ་བཤད་བསྐྱར་དུ་བྱ་དགོས་འདུག།
དེ་སྔོན་ཉེ་སར་ཐུག་མཁན་ཞེས་པ་ནི་ནད་མ་ཕོག་སྔོན་གྱི་ཉིན་ཁ་ཤས་ལ་ནད་པའི་ཁྱིམ་མི་དང་གཞུང་ལས་ཁང་གཅིག་གི་ལས་རོགས། ཡང་ན་བར་ཐག་སྨི་གཅིག་ནང་ཚུད་དུ་ཟ་མ་མཉམ་ཟ་དང་ཚོགས་འདུ་མཉམ་འཚོགས་བྱས་ཡོད་པ་སོགས་ལ་ངོས་འཛིན་བྱས་ཡོད། ད་ལྟ་ཏེ་ཨེར་ཐའི་ནད་དུག་གི་ཁྱད་ཆོས་ལ་གཞིགས་ནས། བར་ཁོངས་གཅིག་པ་དང་། སྡེ་ཚན་གཅིག་པ། སྡོད་ཁང་གཅིག་པ། ནད་མ་ཕོག་གོང་གི་ཉིན4ལ་ནད་པ་དང་ལྷན་དུ་ཡོད་པ་བཅས་ཚང་མ་ནི་ཉེ་སར་ཐུག་མཁན་ཡིན་པ་རེད།
▼ ཏེ་ཨེར་ཐའི་འགྱུར་དུག་སྔོན་འགོག་བྱ་ཐབས་དྲུག་ཐོག་གཅིག་བསྣན་སྤྱད་དགོས།
གཅིག། ཁ་ཤུབས་ཡང་དག་པ་བརྒྱབ་སྟེ་མཆིལ་ཟེགས་ལས་ནད་འགོ་བ་དགག་དགོས།
གཉིས། ལག་པ་རྒྱུན་དུ་རྒྱུག་ཆུས་བཀྲུ་བ་དང་། ཡང་ན་ཨར་བཅུད་འདྲེས་རྫས་ཀྱིས་བཀྲུ་དགོས།
གསུམ། ཁང་པར་མཁའ་དབུགས་ཡངས་པོར་བྱ་དགོས།
བཞི། ཕྱིར་འགྲོ་དུས་ལག་པས་སྣ་མིག་ལ་མི་རེག་པའི་འཕྲོད་བསྟེན་གོམས་སྲོལ་ཡག་པོ་ཆགས་པར་བྱ་དགོས།
ལྔ། སྤྱི་ཚོགས་ཀྱི་འབྲེལ་འདྲིས་བར་ཐག་ངེས་ཅན་གཞག་རྒྱུར་དོ་གཟབ་བྱ་དགོས།
དྲུག། ཚ་བ་རྒྱག་པའི་ནད་རྟགས་བྱུང་བ་ན་དུས་ཐོག་སྨན་བཅོས་བྱ་དགོས་ལ། གང་དུ་སོང་ཡང་ཁ་ཤུབས་དང་བྲལ་མི་རུང་།
ཏོག་གསར་གློ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་དགོས།
འབྲེལ་ཡོད་ཞིབ་འཇུག་ལས་མངོན་པ་ལྟར་ན། ཏོག་གསར་གློ་རིམས་ཀྱི་རིམས་འགོག་སྨན་ཁབ་ཐེངས་གཉིས་བརྒྱབ་རྗེས་ཏོག་གསར་གློ་རིམས་ན་བའི་ཉེན་ཁ་བརྒྱ་ཆ22ལས་མེད་ཅིང་། ཏེ་ཨེར་ཐའི་ནད་དུག་འགོག་པ་ལ་ཡང་ཕན་པ་ཆེན་པོ་ཡོད་པ་རེད།
དེས་ན་ནད་ཚབས་ཆེན་དུ་འགྱུར་སླ་བའི་རྒན་རྒོན་དང་བྱིས་པ་གཙོས་པའི་མི་ཚང་མས་འབྲེལ་ཡོད་སྡེ་ཚན་ལ་རམ་འདེགས་ཀྱིས་རིམས་འགོག་སྨན་ཁབ་མགྱོགས་པར་རྒྱག་རོགས་ཞུ་ཞུ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10