ང་ཆང་རྐྱལ་མ་ལོག་པ་་དྲྭ་ཁང་གི་དྲིན་ཡིན།

ལུག་རྫི།        2021-08-13

ཉིས་སྟོང་བདུན་ལོར་ཨ་ཕས་ང་གྲོང་གསེབ་ནས་གྲོང་ཁྱེར་ལྷ་སར་བསྐྱལ། གྲོང་ཁྱེར་དེ་ནས་རོགས་པ་འགའ་རག་བྱུང་། ང་ཚོའི་ནང་ནས་ང་ནི་ན་ཚོད་དང་ཕུང་བོ་ཆུང་ཤོས་དེ་ཡིན་ཞིང་། ངའི་མིག་གིས་མཐོང་སར་ཕོ་བྲང་པོ་ཏཱ་ལ་མིན་པ་ངོ་ཤེས་སུ་འདྲ་ཞིག་ཀྱང་མེད་པས། ཁོ་ཚོས་ཕྱོགས་གང་ཐད་ནས་ང་ལ་རོགས་རམ་གང་ཐུབ་བགྱིད་པར་མ་ཟད།ནམ་རྒྱུན་ག་འགྲོའི་ས་དེར་ང་མ་བསྐྱུར་ལྷན་ཅིག་ཏུ་ཁྲིད་དོ། །

དུས་དེར་ངའི་བསམ་པར། རོགས་པ་ཞིག་བྱུང་ན་དེ་གས་ཆོག གང་ལྟར་མེད་པ་ལས་ཡོད་པ་དྲག་ལེ་རེད་སྙམ་དུ་སྤྱོད་པའི་བཟང་ངན་ལ་འདང་རྒྱག་མ་མྱོང་།

དེ་ནས་བཟུང་།ང་གཟའ་མཇུག་མ་གཏོགས་ཁོ་ཚོ་དང་ལྷན་དུ་མ་སོང་བ་མེད། གཟའ་མཇུག་ལ་ཅི་ལ་མི་འགྲོ་ཞེ་ན། ངའི་བྱིས་དུས་དུབ་བུར་གསིལ་ན་ལུང་ཁུག་ནས་ཐལ་རྩེད་མིན་ན་ལ་ཁའི་རྫི་བུ་བྱས་ནས་ཡོལ་བ་ཡིན་པས། ལྷིང་འཇགས་ལ་མོས་པའི་སེམས་ཁམས་ཤིག་རང་བཞིན་གྱིས་ཆགས་ཙ་ན།འཁྲུག་ཆ་དོད་པའི་གྲོང་ཁྱེར་གྱི་འུར་ཟིང་ལ་དགའ་སྣང་དེ་ཙམ་མེད་པས། གཟའ་མཇུག་ལ་སྡོད་ཁང་དུ་གཅིག་པུར་ལྷག་ཀྱང་སུན་སྣང་མ་བྱུང་།ནམ་རྒྱུན་ཁོ་ཚོ་ཕྱི་ལོགས་སུ་འཁྱམ་ཚེ་ས་མ་རུབ་བར་དུ་ཕྱིར་ཉལ་ཁང་དུ་ལོག་ཡོང་སྲོལ་མེད། ཉིན་གང་བོ་ས་གར་སོང་དང་ལས་ཅི་བྱས་ཀྱི་སྐོར།གཏམ་དྲིས་ནས་མ་བྱུང་བསྒུགས་ནས་བྱུང་ཞེས་པ་ལྟར།ཁོ་ཚོས་གཉིད་ཁར་རང་རང་གི་མལ་སའི་ནང་ནས་མ་གསང་དྲང་གཏམ་ཆུ་བཞུར་བཞུར་ལབ་ཡོང་།

ཉིན་ཞིག་ལ་ངའི་རོགས་པའི་གྲས་ཀྱི་ཚེ་བཀྲ་ཟེར་བ་བྱད་དབྱིབས་སྒོར་སྒོར་ཡིན་པ། སྣ་གདོང་བཟང་བ། གཟུགས་སྦོམ་ལ་རིང་བ། སྐྲ་ཚོས་སེར་བོ་བྱུག་པ་ཞིག་ཡོད་པ་དེ་གཅིག་གིས་གཞོགས་ནས་སྐྱོར།ཁོ་རང་གི་ལག་པར་རྨ་རས་དཀྲིས་ནས་འོངས།ངས་ཅི་བྱུང་སོང་བྱས་པར།ཁོ་ན་རེ།དེ་རིང་འཁྱགས་ཤུད་གློད་ས་ནས་གཞོན་ནུ་མ་ཞིག་ངོ་ཤེས་ཤིང་ངེད་གཉིས་ཅི་འཕྲོས་མོལ་འཕྲོས་བྱེད་པ་ལ། གམ་གྱི་མི་ཞིག་མིག་སེར་ལངས་ཏེ་ཞེ་སྡང་དྲག་པོའི་སྒོ་ནས་ང་ས་ཆ་དེ་ནས་གྱེས་པ་ལ་ཉེ་དུས་“ད་ཁྱོད་ཚོད་བཟུང་ན་དགའ”ཞེས་གྲི་གཡུགས་བྱུང་བ་ལ། ང་རང་བདེ་ཅག་འཁྱུག་ཐག་ཆོད་ནས། ལག་པས་བཀག་ཐུབ་པ་མིན་ན་ད་ཚོད་ངའི་མགོ་བོ་ལ་ཁྲག་དམར་ཙ་རེར་བཞག་ཡོད་ཟེར།ཁོས་ཨམ་གཙིགས་བསྡམས་ནས་ལྟས་ངན། ཨ་ཕ་རོ་ཟ་རྒྱུ་དེ། ང་ནི་ཁོ་ལ་མིག་ལོག་ཙམ་ཡང་མ་བལྟས། ཁོས་ང་ལ་ཕ་བསད་ཀྱི་དགྲ་མཐོང་བ་ལྟར་སྡང་སེམས་སྐྱེས་དོན་ག་རེ་ཡིན་ནམ། དེ་འདྲའི་སྡུག་སེམས་གནག་པ་ལ་ཟེར། ངའི་ངག་ནས་ད་སྐྱོན་ཆེན་པོ་མེད།རྗེས་སུ་གཟབ་གཟབ་བྱོས་ཞེས་པ་ཙམ་ལས་སེམས་གསོའི་གཏམ་ཅི་ཡང་མ་ཐོན། རོགས་པ་གཞན་དག་གིས་མི་ངན་དེ་ལ་ཡ་ལན་མ་སྤྲད་པར་ཕམ་ཁུར་ན་བུ་མིན་ཞེས་ཁོ་ལ་ངར་བསླངས། གཟའ་འཁོར་གཞུག་མ་དེར།ཐམས་ཅད་ཀྱིས་རང་གི་རྐང་བའི་ངར་གདོང་གི་གཞུང་ལ་རྣོ་དབལ་གྱི་གྲི་གུ་རེ་བསྡམས་ཤིང་། ངར་ངར་རྒོད་རྒོད་ཀྱིས་འཁོན་ལན་གླན་དུ་སོང་མོད། གྲི་གཡུག་མཁན་དེ་ཉི་མ་གླིང་ཕྲན་གྱི་ནག་ཚོགས་ཀྱི་མགོ་བ་ཞིག་ཤེས་ནས་ཅི་བྱ་གཏོལ་མེད་དུ་གྱུར་ནས་ངོ་ནག་རོག་གེར་ཕྱིར་སླེབས། དེ་ནས་བཟུང་འཁྱགས་ཤུད་གློད་པར་འགྲོ་མ་ཕོད་པར་དྲྭ་ཁང་དུ་འགྲོ་རྒྱུར་ཁ་འཆམས།

ང་ཐོག་མར་དྲྭ་ཁང་ལ་འགྲོ་བློ་མེད་མོད།ཇི་སྐད་དུ། སེམས་ནི་ཡུར་བུའི་ཆུ་བཞིན་དུ།གང་དུ་འཐེན་པ་དེ་རུ་འགྲོ། དེ་ལ་གྲོགས་ཀྱིས་འཐེན་པ་དང་། རང་གིས་འཐེན་པ་རྣམ་པ་གཉིས་ཞེས་པ་ལྟར། རོགས་པས་དྲྭ་ཁང་ནས་ཁྱོད་ཀྱི་ཞེན་རྟེན་སེར་ལོ་(C luo)སོགས་ཀྱི་འགྲན་སྡུར་ལྟ་ཐུབ་པར་མ་ཟད། རྐང་གྲུག་གི་རོལ་རྩེད་ཡིད་ཚིམ་པ་ཞིག་རྩེ་རྒྱུ་ཡོད་ཟེར། དེ་དུས་ཀྱི་ང་ཕོ་ལོ་བཅོ་བརྒྱད་མ་ལོན།ནར་སོན་པའི་མི་གྲལ་དུ་མ་ཚུད་པས།རོགས་པའི་གློག་ཀླད་ལ་བལྟས་ནས་སྡོད་པ་ལས་ཐབས་མེད།འགྲམ་དུ་གཞན་པས་རྐང་གྲུག་གི་རོལ་རྩེད་རྩེད་པ་མཐོང་ཚེ་རྩེད་སྙིང་ལྷག་པར་འདོད་དེ་བསྲན་མ་ཐུབ་པར། དྲྭ་བདག་རྩ་རུ་སོང་སྟེ།ངས་སྒོར་མོ་འཕར་མ་སྤྲད་ཆོག་ང་ཁྱུག་ཙམ་རྩེད་དུ་འཇུག་རོགས་ཞེས་ཞུ་བ་འབུལ་བ་ཉུང་ཉུང་མིན། དུས་རྒྱུན་དྲྭ་ཁང་དུ་ཡོང་དུས་ཤེལ་སྒོའི་ལོགས་ན་སྦྱར་བའི་ཡི་གེ“ནར་མ་སོན་པའི་མི།ནང་དུ་ཡོང་མི་ཆོག”ཅེས་པའི་ཡིག་འབྲུ་དེ་མཐོང་བའི་མོད་ཚིག་པ་གཏིང་ནས་ཟ་སྟེ། རང་གི་ཐོབ་ཐང་ལག་ཁྱེར་ལ་ལྟ་ཞིང་མྱུར་དུ་ལོ་བཅོ་བརྒྱད་སོན་ན་ཅི་མ་རུང་སྙམ་པ་བྱུང་།

རིམ་གྱིས་ང་དྲྭ་ཁང་ལ་འགྲོ་བར་གོམས་ནས་རྐང་གྲུག་རྩེད། གཞས་ཉན་པ། (QQ)གླེང་མོལ་བྱེད་པ་སོགས་ལ་དུས་ཚོད་གང་འཚམ་ཞིག་བཏང་།མཐའ་བྲལ་དྲྭ་བའི་འཇིག་རྟེན་ནང་དུ་གཅིག་གི་རྒྱབ་ན་ཅི་ཞིག་བསྐུངས་ཡོད་དམ་སྙམ་པའི་རྟོགས་འདོད་ཀྱི་བློ་ཞིག་ངང་གིས་བྱུང་སྟེ། ང་ཡི་ལག་པ་སྡོད་མ་ཚུགས། ཙིག་རྟགས་དེད་དེ་སྔོག་འདོད་ཇེ་ཆེར་འཕེལ། ཕར་སློག་ཚུར་སློག་བྱས་ནས་མཁས་པའི་འཆད་ཁྲིད་མཇལ།དེ་ཐོས་པས་བློ་སྐྱེད་འཕེལ་བ་དང་ཆབས་ཅིག(འབྲེལ་འདྲིས་མེད་ན་ཡུལ་སྐད་གོ་དཀའ་བས)ཆོལ་གསུམ་སྐད་ཀྱི་བཀག་རྒྱ་ཐོར་ཏེ།བོད་པ་ཞིག་ཡིན་ཕྱིན་ཁོའི་སྐད་ཆར་ལོ་ཙཱ་མི་དགོས་པར་ཤར་རྒྱག་གིས་གོ་ཐུབ་པ་བྱུང་། གླེང་མོལ་ལས་དྲྭ་གྲོགས་མང་བོ་ངོ་ཤེས་ཤིང་ལ་ལས་ཕྱིས་སུ་རང་གི་གྲོགས་མཆོག་བློས་ཐུབ་ཆགས། སྐབས་དེར། གློག་ཀླད་དུ་བོད་ཡིག་ནང་འཇུག་བྱས་མེད་ལ། བོད་ཡིག་གི་མཉེན་ཆས་ཀྱང་པཎྜི་ཏ་ཁོ་ན་ཡིན་པས། གླེང་མོལ་ནང་ནས་བོད་ཡིག་གཏགས་ནས་ཕར་ཕྱོགས་ལ་བསྐུར་ནའང་ཡི་གེ་མི་འཆར་བས།འཆར་ངོས་ཀྱི་ཡི་གེ་དེ་དྲས་ནས་པར་ཆུང་གི་རྣམ་པ་སྟེ“བཅད་རིས”མི་སྐུར་ཀ་མེད་རེད། དུས་ཡུན་གང་འཚམ་ཞིག་འགོར་རྗེས་ངས་བོད་ཡིག་འཆར་བྱེད་ཀྱི་ཐབས་ཤེས་དུས། དྲྭ་གྲོགས་ཚོའི་ནང་ན་བོད་ཡིག་སྤྱོད་མཁན་གཅིག་ཀྱང་ཡོད་པ་མ་མཐོང་བས། རང་ཉིད་སྔོན་ཐོན་པར་རློམ་སེམས་ཤིག་གིས་ངོ་ཤེས་ལ་བོད་ཡིག་གཏག་སྟངས་བསླབས། ཞོར་དུའང་རྒྱ་མི་ལའང་ནུས་ཚོད་ཀྱིས་དྲྭ་ཐོག་ནས་བོད་ཡིག་སློབ་ཁུལ་བྱས།མདོར་ན་དེ་དུས་ངོ་མཚར་གྱི་ལྟད་མོ་སྣ་ཚོགས་མཐོང་།

ཆོས་གང་ལའང་བཟང་ངན་གཉི་ཀའི་ཆ་ཡོད་པས་ན།དྲྭ་ཐོག་ན་ལེགས་ཉེས་བསྲེས་ཏེ་སྤུངས་ཡོད་པས་རང་ཉིད་ཀྱིས་བླང་དོར་ཡོད་པའི་སྒོ་ནས་གདམ་གསེས་བྱེད་རྒྱུ་གལ། མ་གཞི་སྐབས་དེར་ངས་དྲྭ་ཁང་ནས་རོལ་རྩེད་ལ་གཡེང་སྟེ་དུས་ཚོད་རྩིས་རྩིས་གྲངས་མེད་བརླགས་ཀྱང་།སྤྲོ་སྣང་དང་ལྡན་པའི་ངང་ཟད་སོང་བས་དེ་ལ་འགྱོད་རྒྱུ་སྤུ་ཙམ་ཡང་མི་འདུག་སྟེ། གལ་སྲིད་དེ་དུས་དྲྭ་ཁང་ཞེས་པ་དར་ཁྱབ་བྱུང་མེད་ན།སྐབས་དེའི་ན་གཞོན་བྱིངས་མཚན་མོའི་འཁྱམ་ས་ནང་མ་ཁང་དང་ཆང་ཁང་ཡིན་པས། གཅིག་བྱས་ན། ང་ད་ཚོད་མི་ཆང་རྐྱལ་ཞིག་ཏུ་གྱུར་ཡོད་མདོག་ཁ་པོ་རེད།

  • ལེ་ཚན་སྔོན་མ།:གཉིད་ཡེར་བའི་མཚན་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།