ཡར་ངོའི་ཟླ་ལྟར་འཕེལ་བའི་ཁམས་བྱང་གི་ལྟེ་གནས་དཀར་མཛེས།

ལྷ་འཛོམས་ཀྱིས་བྲིས།        2021-08-13

ཡར་ངོའི་ཟླ་ལྟར་འཕེལ་བའི་ཁམས་བྱང་གི་ལྟེ་གནས་དཀར་མཛེས།

དཀར་མཛེས་གྲོང་རྡལ་གྱི་གྲོང་མི་བློ་དགའ་ཚང་གི་བདེ་སྐྱིད་འཚོ་བ།

ཡར་ངོའི་ཟླ་ལྟར་འཕེལ་བའི་ཁམས་བྱང་གི་ལྟེ་གནས་དཀར་མཛེས།

བཅིངས་འགྲོལ་དམག་འབུམ་ཤོག་བཅོ་བརྒྱད་པའི་ས་དོང་གནས་ཤུལ།

ཡར་ངོའི་ཟླ་ལྟར་འཕེལ་བའི་ཁམས་བྱང་གི་ལྟེ་གནས་དཀར་མཛེས།

སྲིབ་ངོ་ཡུལ་ཤོག་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ལས་གཞིའི་འཆར་འགོད་རི་མོ།

ཡར་ངོའི་ཟླ་ལྟར་འཕེལ་བའི་ཁམས་བྱང་གི་ལྟེ་གནས་དཀར་མཛེས།

བཅིངས་འགྲོལ་དམག་འབུམ་ཤོག་བཅོ་བརྒྱད་པས་གནམ་གྲུ་ཐང་མྱུར་སྐྲུན་བྱེད་བཞིན་པའི་ཚུལ་རེད།

1936ལོར་དམར་དམག་འབུམ་ཤོག་གཉིས་པ་དང་དྲུག་པ། དམར་དམག་འབུམ་ཤོག་བཞི་པ་བཅས་དཀར་མཛེས་རྫོང་དུ་དམག་འཛོམས་བྱུང་བ་ཡིན་ནའང་འདྲ། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་བར“དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི”བརྩེ་དུང་ཟབ་མོ་ཆགས་ཡོད་པ་ཡིན་ནའང་འདྲ། 1951ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འབུམ་ཤོག་བཅོ་བརྒྱད་པ་བོད་དུ་བསྐྱོད་པའི་ལམ་བར་དུ་སྟབས་བདེའི་གནམ་གྲུ་ཐང་མྱུར་བཟོ་བྱས་པ་ཡིན་ནའང་འདྲ། རྒྱང་སྐྱོད་ཐེངས་གཉིས་པའི་དུས་སུ་དམག་གིས་ས་གནས་ལ་ཟིང་ཆ་མི་སློང་བའི་ཆེད་དུ་རི་ངོས་སུ་ས་དོང3000ལྷག་བརྐོས་པ་ཡིན་ནའང་འདྲ། དེ་དག་ཚང་མ་ནི“གཡུལ་སྔོན་ལ་རྒྱབ་སྐྱོར་བྱས་ཏེ་བོད་ལྗོངས་བཅིངས་འགྲོལ་བཏང་བའི”ཆེད་དུ་རེད།

དཀར་མཛེས་རྫོང་དུ་སྔོན་ཆད་ཀྱི་གསར་བརྗེའི་མཁར་རྫོང་དུ་ལོ་རྒྱུས་ཀྱི་རྗེས་ཤུལ་བཞག་ཡོད་པ་དང་དེང་སྐབས་ཁམས་བྱང་གི་ལྟེ་གནས་ཀྱི་རྣམ་པ་རིམ་བཞིན་ཆགས་ཡོད་པ་རེད། ད་ལྟ་དཀར་མཛེས་རྫོང་དུ་འགྲོ་དུས་དམར་དམག་དམག་འཛོམས་ཀྱི་གནས་ཤུལ་དང་ས་དོང་ཁྱུ་ཚོགས། དྲན་གསོ་ཁང་། གནམ་གྲུ་ཐང་དེ་དག་ནས་དཀར་མཛེས་རྫོང་གི་མི་དམངས་ཀྱི་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་འབྱུང་ཁུངས་ཕུགས་དེད་བྱེད་ཆོག་པ་དང་འབྲེལ་གསར་བརྗེའི་གནས་གཞི་རྙིང་པའི་ལོ70རིང་གི་འཕོ་འགྱུར་ཆེན་པོའི་བདེན་དཔང་མིག་ལམ་དུ་དྲངས་ཆོག་ཆོག་ཡིན་པ་རེད།

ལོ་རབས་ཀྱི་དྲན་རྟེན་ཏེ། སྟབས་བདེའི“གནམ་གྲུ་ཐང”བསྐྲུན་པའི་ལོ་རྒྱུས།

ད་ལོར་དཀར་མཛེས་རྫོང་གི་རྫོང་མཁར་དང་སྤྱི་ལེ4ཙམ་བརྒྱངས་ཤིང་གེ་སར་རྒྱལ་པོའི་མཁར་རྫོང་དང་སྤྱི་ལེ1ཙམ་བརྒྱངས་པའི་སྲིབ་ངོ་ཡུལ་ཤོག་གི་མངའ་ཁོངས་སུ་སྔོན་ཆད་དང་མི་འདྲ་བ་མི་མང་པོ་དེའི་ཕྱོགས་སུ་འཛོམས་ཡོང་བ་རེད། ས་གནས་དེ་ག་ནི་བཅིངས་འགྲོལ་དམག་འབུམ་ཤོག་བཅོ་བརྒྱད་པས་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱས་པའི་དམག་སྤྱོད་གནམ་ཐང་གི་རྗེས་ཤུལ་དང་དེ་བཞིན་བཅའ་སྡོད་བྱ་ཡུལ་གྱི་ས་དོང་གི་རྗེས་ཤུལ་ཡིན་པར་བརྟེན། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བ་ནས་བཟུང་། དཀར་མཛེས་རྫོང་གི་སྒོ་ཁའི་གསར་བརྗེའི་ཐོན་ཁུངས་དེ་ནི་ལྟ་རིན་ཡོད་པ་དང་། ཉན་རིན་ཡོད་པ། ཀློག་རིན་ཡོད་པ་བཅས་ཀྱི“སློབ་གཞི་གསོན་པོར”གྱུར།

1943ལོར་ཞི་ཁམས་ཞིང་ཆེན་གྱིས་དཀར་མཛེས་གནམ་གྲུ་ཐང་བསྐྲུན་ནས་ཟླ་བ་བརྒྱད་འགོར་རྗེས་ས་རྡོ་ལས་གྲྭ་ལེགས་སུ་གྲུབ་ནས་མཚམས་བཞག་ཡོད། 1951ལོའི་དཔྱིད་ཀར་བཅིངས་འགྲོལ་དམག་འབུམ་ཤོག་བཅོ་བརྒྱད་པའི་སྔོན་སྐྱོད་དམག་དཔུང་གིས་ཆབ་མདོ་གཡུལ་འགྱེད་རྒྱལ་ཁའི་ངང་མཇུག་བསྒྲིལ་དུ་བཅུག་རྗེས། དམག་དཔུང་གི་འཚོ་བའི་དཀའ་ཁག་ཆེ་ཡང་། ས་གནས་དེ་གའི་མང་ཚོགས་ལ་ཁུར་པོ་མི་སྣོན་བའི་ཆེད་དུ་དེ་གར་འབྲུ་རིགས་གྲབས་གསོག་བྱེད་འདོད་མེད་པས། དེ་ནས་ལྷོ་ནུབ་དམག་ཁུལ་གྱིས་དཀར་མཛེས་རྫོང་གི་དེ་སྔའི་གནམ་གྲུ་ཐང་དེ་བསྐྱར་སྐྲུན་རྒྱས་སྐྲུན་བྱས་ནས་སྲ་ཞིང་བརྟན་པའི་མཁའ་ཐོག་སྐྱེལ་འདྲེན་རྟེན་གཞི་ཞིག་བཙུགས་ཏེ་རྒྱབ་ཕྱོགས་སྐྱེལ་འདྲེན་གྱི་མྱུར་བགྲོད་ལམ་བཟོས་ནས་ཡུན་རིང་པོར་ནུབ་སྐྱོད་དམག་དཔུང་ལ་རོགས་སྐྱོར་བྱ་རྒྱུའི་ཐག་བཅད།

ལོ་དེའི་ཟླ་བ4པར། བཅིངས་འགྲོལ་དམག་འབུམ་ཤོག་བཅོ་བརྒྱད་པའི་ཁྲི་ཤོག53པ་དང་། ཁྲི་ཤོག54པ། ལྷོ་ནུབ་དམག་སྲིད་སློབ་ཆེན་གྱི་ཡན་ལག་སློབ་གྲྭ་བརྒྱད་པ། བཟོ་དམག་གི་མདའ་ཕྱོགས་ལྔ་པ། འཕྲོད་བསྟེན་སློབ་གྲྭ། བཟོ་དམག་གི་འཕྲུལ་ཆས་དམག་སྒར། རྒྱབ་ཕྱོགས་ཐད་གཏོགས་དམག་དཔུང་དང་ས་གནས་དེ་གའི་བོད་རིགས་མང་ཚོགས་བཅས་དམག་དམངས5000ལྷག་ཙམ་སྟབས་བདེའི་གནམ་གྲུ་འབབ་ཐང་རྒྱས་སྐྲུན་བྱེད་སའི་ནང་ཞུགས་ཡོད་པ་རེད།

བཅིངས་འགྲོལ་དམག་འབུམ་ཤོག་བཅོ་བརྒྱད་པའི་རྗེས་རབས་པ་ཀྲང་སུའུ་ཧྭ་ཡིས་ཆུང་དུས་ནས་ཨ་ཕ་ཀྲང་ཀྲེན་ཐའེ་ཡིས“དམག་དཔུང་དཀར་མཛེས་རྫོང་དུ་ཡོད་པའི་ལོ་རྒྱུས”བཤད་པར་ཉན་ནས་འཚར་ལོངས་བྱུང་བ་ཡིན་པར་བརྟེན། མོའི་དྲན་འཆར་ནང་རྒན་རབས་པ་ཚོས་མཐོ་སྒང་གི་འགྱུར་ལྡོག་ཆེ་བའི་གནམ་གཤིས་དང་མཐོ་སྒང་དུ་སྡོད་དུས་ལུས་ཁམས་མི་བདེའི་གནས་ཚུལ། ཟས་འབྲུ་ཆད་པའི་ཉམས་ཉེན་ཐེངས་མང་སེལ་བ་བཅས་བྱ་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན་པས། “སྐབས་དེ་དུས་ཁོང་ཚོར་དེང་རབས་ཅན་གྱི་འཕྲུལ་ཆས་ཡོ་བྱད་གང་ཡང་མེད་པས་རང་ཉིད་ཀྱི་ལག་གཉིས་དང་གདོད་མའི་ལྕགས་ཀྱི་རྐོ་མ་དང་ཐོ་བ་སོགས་སྲོལ་རྒྱུན་གྱི་ཡོ་བྱད་ལ་བརྟེན་ནས་ཨར་ལས་བྱས་པ་རེད། གྲང་ངར་ཆེ་བའི་མཐོ་སྒང་གི་དགུན་དུས་སུ་ལག་ཆས་བཞག་ཚེ་ལག་པའི་པགས་པ་ཡོ་བྱད་ལ་འབྱར་སྲིད”ཅེས་བཤད།

ཟླ་བ་བདུན་ལྷག་ཙམ་གྱི་རིང་ཉིན་མཚན་སྦྲེལ་ནས་དཀའ་ལས་བྱས་མཐར། རིང་ཚད་སྨི3200དང་ཞེང་ཚད་སྨི120ཡོད་པའི་རྡོ་

ཟགས་ཀྱི་གནམ་གྲུ་རྒྱུག་ལམ་གཅིག་དང་གནམ་གྲུ18བབས་ཐུག་པའི་གནམ་གྲུ་ཐང་ཞིག་བསྐྲུན་ཐུབ་ཡོད་པ་རེད།

ལོ་དེའི་སྤྱི་ཟླ11པའི་ཚེས22ཉིན་ལ་དཀར་མཛེས་གནམ་གྲུ་ཐང་མྱུར་སྐྲུན་ལས་ཀའི་ནང་ཞུགས་མཁན་དཔོན་དམག་ཡོངས་ཀྱིས་རྒྱལ་སྟོན་དུས་ཆེན་གྱི་རྗེས་སུ་གཅིག་གྱུར་ཐོག་སྤྲད་པའི་གྱོན་ཆས་གསར་པ་བརྗེས་ཤིང་ས་གནས་དེ་གའི་བོད་རིགས་མང་ཚོགས་དང་མཉམ་དུ་གནམ་གྲུ་བཞག་སར་ལངས་ཏེ་རྡོ་ཟགས་རྒྱུག་ལམ་དུ་གནམ་གྲུ་ཞིག་བརྟན་པོའི་ངང་འབབ་ཡོང་བ་མཐོང་སྐབས་ཚང་མར་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ཡུན་རིང་རེ་སྒུག་བྱེད་པའི་དུས་བཟང་ཤར་བས་ཚང་མར་དགའ་བ་སྟོང་དང་སྤྲོ་བ་འབུམ་གྱིས་ཁེངས།

བཅིངས་འགྲོལ་དམག་འབུམ་ཤོག་བཅོ་བརྒྱད་པས་ཕྱོགས་གཅིག་ནས་གཞུང་ལམ་བསྐྲུན་པ་དང་ཕྱོགས་གཅིག་ནས་དཔུང་སྐྱོད་བྱེད་པ་དང་བསྟུན་ནས་ཁྲོན་བོད་གཞུང་ལམ་ལྷ་སའི་བར་ལ་བསྐྲུན་ཅིང་སྐར་ལྔའི་དར་དམར་ཧི་མ་ལ་ཡའི་རི་མགོར་བཙུགས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་། དཀར་མཛེས་ཀྱི་སྟབས་བདེའི་གནམ་ཐང་གི་ནུས་པའང་ཉིན་བཞིན་ཆུང་དུ་ཕྱིན་པ་དང་། ཕྱིས་སུ་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་སྤྱོད་མཚམས་བཞག་པ་རེད། དེ་ནས་བཟུང་ཁམས་བྱང་ས་ཁུལ་གྱི་མཁའ་ལམ་གནས་ཚུལ་གླེང་མཁན་མེད་པར་གྱུར།

གསར་བརྗེའི་གཞི་རྒྱུའི་བདེན་དཔང་སྟེ།གསར་བརྗེའི་གནས་གཞི་རྙིང་པར་འགྲུལ་སྐྱེལ་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་ལ་གསོན་ཤུགས་རྒྱས།

ལོ་འཁོར67འདས་རྗེས། 2018ལོའི་སྤྱི་ཟླ12པའི་ཚེས8ཉིན་གྱི་སྔ་དྲོའི་ཆུ་ཚོད11དང་སྐར་མ20ཡི་ཐོག་དཀར་མཛེས་རྫོང་གི་འདན་མ་གྲོང་རྡལ་དང་སྡེ་དགེ་རྫོང་ཁྲོ་བ་གྲོང་རྡལ་འབྲེལ་མཚམས་ཀྱི་དབེན་འཇམ་རི་ཚོགས་ཀྱི་མཁའ་དབྱིངས་སུ་གནམ་གྲུའི་སྒྲ་ལྷང་ལྷང་དེ་ཐག་རིང་ནས་ཐག་ཇེ་ཉེར་གྲགས་པ་ལས།་ཁམས་བྱང་གི་ལྟེ་གནས་སུ་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་རྗེས་སུ་མཁའ་དབྱིངས་ནས་ཡོང་བའི་འགྲུལ་པ་ཐེངས་དང་པོ་དེ་བསུས་ཡོད་ཅིང་། 2019ལོའི་སྤྱི་ཟླ9པའི་ཚེས16ཉིན་མཐོ་སྒང་གི་གནམ་གྲུ་ཐང་སྟེ་དཀར་མཛེས་གེ་སར་གནམ་གྲུ་ཐང་དུ་གནམ་གྲུ་དངོས་སུ་ཤར་གཏོང་ཐུབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གེ་སར་གནམ་གྲུ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་པ་ནས་ད་བར་ཁྲེང་ཏུའུ་དང་ཁྲུང་ཆིང་། ལྷ་ས། ཁུན་མིང་། ཞ་མེན་བཅས་སུ་འགྲོ་འོང་བྱེད་པའི་རྒྱལ་ནང་གི་མཁའ་ལམ5གཅིག་རྗེས་གཉིས་མཐུད་ངང་བཏོད་དེ་རིམ་རྩིས་བྱས་ན་གནམ་གྲུ་ཐེངས་གྲངས1600ལྷག་ཙམ་འཕུར་སྐྱོད་བྱས་པ་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མིའི་ཐེངས་གྲངས་ཁྲི10ཙམ་ལ་ཟིན་པ་རེད།

ས་གནས་དེ་གའི་མི་དང་ས་གནས་དེ་གའི་ཐོན་རྫས་གནས་གྲུ་ནས་མེས་རྒྱལ་གྱི་ས་གནས་ཡོངས་སུ་སྐྱེལ་བ་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་མི་དང་དངོས་ཟོག་གནམ་གྲུ་བརྒྱུད་ནས་མཐོ་སྒང་དུ་འབྱོར། གསར་དུ་བསྐྲུན་ནས་ཡུན་རིང་མ་སོང་བའི་དམངས་སྤྱོད་ཡན་ལག་གནམ་གྲུ་ཐང་དེ་དང་རང་ཁུལ་མངའ་ཁོངས་ཀྱི་དར་མདོའི་གནམ་གྲུ་ཐང་དང་འདབ་པའི་ཉི་སྟེན་གནམ་གྲུ་ཐང་བཅས་གསུམ་ལས“དཀར་མཛེས་ཁུལ་གྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་མཁའ་འགྲུལ་ཟུར་གསུམ་ཅན”གྱི་རྣམ་པ་ཞིག་ཆགས་པའི་དུས་མཚུངས་སུ། རང་ཁུལ་གྱི་བྱང་རྒྱུད་ནས་མེས་རྒྱལ་གྱི་ས་གནས་ཁག་བར་འབྲེལ་མཐུད་བྱེད་པའི“བར་སྣང་རྒྱུ་ལམ”གལ་ཆེན་ཞིག་ཏུ་གྱུར་ཡོད།

ད་ཆ་ལས་འཁྱུར་ངལ་གསོ་བྱས་པའི་ཀྲང་སུའུ་ཧྭ་དཀར་མཛེས་རྫོང་དང་ཁྲེང་ཏུའུ་བར་འགྲོ་འོང་བྱེད་སྐབས་ཐེ་ཚོམ་སྤུ་ཙམ་ཡང་མེད། མོས་གསར་འགོད་པར་སྔོན་ཆད་ཆུ་ཚོད10ཡི་ལམ་ཐག་དེང་སང་ཆུ་ཚོད་གཅིག་ལས་མི་འགོར་བ། ཉེན་མེད་ཡིན་ལ་དུས་ཚོད་ཀྱང་མི་འགོར་ཞིང་། དབྱར་དུས་ལ་དཀར་མཛེས་སུ་ཚ་གཡོལ་བྱེད་པ་དང་དགུན་དུས་ཁྲེང་ཏུའུ་ལ་གྲང་གཡོལ་བྱེད་སར་འགྲོ་ཆོག། རྗེས་སུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་རིམས་ཚུལ་འཇགས་འགྲོ་དུས་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་ལ་ཡུལ་སྐོར་འགྲོ་རྒྱུ་ཡིན་ཞེས་བཤད་པ་རེད།

ཉེ་བའི་ལོ་ཤས་རིང་། དཀར་མཛེས་རྫོང་གིས་ཐོན་ཁུངས་ཕུན་སུམ་ཚོགས་པོར་བརྟེན་ནས་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ་གསར་བརྗེའི་གནས་གཞི་རྙིང་པའི “གསར་བརྗེའི་མིང་བྱང”རྒྱུན་ཆད་མེད་པར་ཇེ་གསལ་དང་ཇེ་གྲགས་སུ་བཏང་དང་གཏོང་བཞིན་ཡོད་པ་རེད།

བདེ་སྐྱིད་ཀྱི་གཞིས་སྤོས་ཏེ། “གསར་བརྗེའི་གནས་གཞི”རུ་དར་འཕེལ་ གྱི་ལེའུ་གསར་པ་བྲིས།

མཚན་མོ་ཁ་ལག་བཟས་ནས་གེ་སར་མཁར་རྫོང་དུ་འཆམ་འཆམ་དུ་བསྐྱོད་པ་དེ་ནི་ལོ66ལ་ཟོན་པའི་དཀར་མཛེས་གྲོང་རྡལ་གྱི་གྲོང་མི་བློ་དགའ་དང་བཟའ་ཟླ་གཉིས་ཀྱི་ཉེ་བའི་ལོ་འགའ་ལ་ཆགས་པའི་གོམས་གཤིས་ཤིག་རེད། གེ་སར་མཁར་རྫོང་དུ་སྐྱོད་སྐབས་ཐང་ཆེན་དུ་མི་སེར་ཚོས་རོལ་དབྱངས་སྙན་མོ་དང་བསྟུན་ནས་མི་ཚོགས་སྐོར་བྲོ་འཁྲབ་བཞིན་ཡོད་ལ། ཚོང་ཁྲོམ་དུ་འཁྲུག་ཆ་ཧ་ཅང་ཆེ་ཞིང་། མཚན་མོ་ཡིད་དབང་འཕྲོག་པའི་རྣམ་པ་ཞིག་མིག་ལམ་དུ་མངོན་པ་རེད།

“ ལོ17གྱི་གོང་ལ་ང་ཚོ་ནང་མི་ཚང་མ་སྡེ་དགེ་རྫོང་ནས་དཀར་མཛེས་རྫོང་དུ་སྤོས་པ་ཡིན། སྐབས་དེ་དུས་ཆུ་དང་གློག་རྒྱུན་དུ་ཆད་པས་ང་ཚོས་ཉིན་གཅིག་ལ་ལྟོ་ཐུན་གཉིས་ལས་བཟོས་མེད། འཚོ་བའི་ཐད་སྟབས་བདེ་པོ་རང་མེད”ཅེས་བཤད། ལོ་འདི་ཁ་ཤས་ནང་དཀར་མཛེས་རྫོང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

གསར་བརྗེའི་གནས་གཞི་རྙིང་པའི་བདེ་སྐྱིད་གཞིས་སྤོའི་སྐོར་གླེང་སྐབས་བློ་དགའ་ལ་མྱོང་ཚོར་ཟབ་མོ་ཡོད། ཁོས“ད་ཆ་གློག་རིན་སྤྲད་ཟིན་ན་གློག་ཆད་དོགས་ཀྱི་སེམས་ཁྲལ་བྱེད་མི་དགོས་པས། ཉིན་གཅིག་ལ་ལྟོ་ཐེངས་ག་ཚད་བཟོས་ན་ཡང་ལས་སླ་པོ་འདུག”ཅེས་བཤད།

“ཁམས་བྱང་གི་ལྟེ་གནས”གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་ལ་དངོས་སུ་མྱོང་ཚོར་ཡོད་པ་དང་འབྲེལ་དངོས་ཕན་ཡང་རག་མཁན་ནི་བཅིངས་འགྲོལ་དམག་འབུམ་ཤོག་བཅོ་བརྒྱད་པའི་ས་དོང་གི་རྗེས་ཤུལ་དང་ཉེ་བའི་རྒྱུན་བཟང་གྲོང་ལུང་ཤུར་གྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ཡིན་ཞིང་། ཁོ་ཚོར་དེའི་ཐད་སྐད་ཆ་ཤོད་དབང་ཆེན་པོ་ཡོད་པ་རེད།

2018ལོར་དེ་གར་སྤོས་པའི་དུད་ཚང151གི་མི་འབོར591ཡོད་ཅིང་། མང་ཆེ་བ་རྫོང་མཁར་དང་སྤྱི་ལེ་བདུན་ཅུ་བརྒྱད་ཅུ་ཙམ་བརྒྱངས་པའི་རི་བོ་མཐོན་པོའི་ཐོག་འཚོ་གནས་བྱས་པར་བརྟེན། ཆ་རྐྱེན་ཞན་པ་དང་འགྲིམ་འགྲུལ་སྟབས་བདེ་མེད་ཅིང་འབྲོག་པ་ཚོ་ཚེ་ཚེ་རབས་རབས་ཕྱུགས་ཟོག་དང་ལྷན་དུ་འཚོ་གནས་མི་བྱེད་ཀ་མེད་བྱུང་། དཀར་མཛེས་རྫོང་ཤར་ཕྱོགས་ཡུལ་ཤོག་ཤར་ཕྱོགས་གྲོང་སྡེ་གསུམ་པ་ནས་རྒྱུན་བཟང་ལུང་ཤུར་དུ་སྤོས་པའི་ཚེ་རིང་ལྷ་མོས་གཞིས་ཆགས་ཀྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ཚན་པ་དང་པོའི་རྒན་གྲས་ཤིག་ཡིན་པའི་ཆ་ནས་གནམ་ལ་བརྟེན་ནས་ཟས་སློང་བ་དང་། ས་ལ་བརྟེན་ནས་ཟས་སྒུག་པས། རང་ས་ཡིས་རང་ཁ་གསོ་ཐུབ་ཀྱི་མེད་ཅེས་པའི་ཕྱོགས་བསྡོམས་ཀྱི་སྐད་ཆ་དེ་ལྟར་བཤད།

བཀོད་སྒྲིག་བྱ་ཡུལ་གྱི་འགན་འཁུར་བས་གསར་འགོད་པར་ལོ་འདི་ཁ་ཤས་ནང་ང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་ཁེ་ལས་དང་སྡེ་ཚན10ལྷག་ཙམ་དང་མཉམ་དུ་ཆ་སྒྲིག་བྱས་ནས་གྲོང་མིར་རྩལ་ནུས་གསོ་སྦྱོང་ཐེངས70ལྷག་ཙམ་བྱས་པ་དང་། ལས་ཞུགས་ལས་གནས150ལྷག་ཙམ་བཀོད་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ཡོང་འབབ་སྒོར2000ལྷག་ཙམ་ལ་ཟིན་པ་དང་། བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ཚང་མ་དབུལ་ཐར་བྱུང་ཡོད་ཅེས་བཤད་བྱུང་།

ཚལ་ཞིང་གི་སྐྱེ་འཚར་བསྡུར་རེས་དང་མེ་ཏོག་ལྡུམ་རའི་མེ་ཏོག་སུ་མཛེས་ལ་ལྟ་བ། ཐབ་ཚང་གི་གཙང་སྦྲ་ཡག་ཞན་བསྡུར་བ། བྱ་དགའ་འཛིན་ཤོག་གི་གྲངས་འབོར་རྩིས་རྩིས་རྒྱག་པ་བཅས་ནི་ད་ཆ་དེང་རབས་ཅན་གྱི་བཀོད་སྒྲིག་བྱ་ཡུལ་དུ་འཚོ་བ་སྐྱེལ་བཞིན་པའི་མང་ཚོགས་ཚོས་དོ་སྣང་ཆེ་ཤོས་བྱེད་བཞིན་པའི་བྱ་བ་ཞིག་ཏུ་གྱུར།།



  • ལེ་ཚན་སྔོན་མ།:སྒྲུང་ཐུང་ཕྱོགས་བསྒྲིགས《སྨན་པ་མཚོ་མོ》པར་དུ་བསྐྲུན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།