མཚན་མོའི་སྒྲུང་།

རྨོག་ཐང་དཀར།        2021-08-12

སྐྱོ་སྒྲུང་ཞིག་གི་ཚེག་བར་དུ་ངུ་ཤོར་བའི་ཐ་སྙད་ལྷག་འཕྲོ་ཞིག་བྱུང་།

ཕྱི་རོལ་ཏུ་གངས་ལྷུང་བའི་མཚན་མོ།

སྐྲ་རྩེར་ལྷུང་བའི་ཁ་བའི་འདབ་མ།

ཡུན་རིང་གི་རྗེས་སུ།

མིག་ཆུ་དང་འདྲིས་པའི་རྨི་ལམ་སྐྱ་མདོག་ཅིག།

བརྩེ་བའི་གྱང་ལྡེབས་ངོས་ཀྱི་ལྷ་ཡི་ཕྱག་རྒྱ།

ཟ་ཟིའི་སྣང་བ་ལྟར་མི་གསལ་བར་གྱུར།

གཏིང་དུ་གཉིད་པའི་ཚོན་མ་བྱུགས་པའི་བྱིས་བློ།

སྔོན་པོའི་ནམ་མཁའ་སྤྲུགས་པའི་ལག་རྗེས།

མེ་ལྕེས་བརྡར་བའི་སོལ་བ་སྨུག་པོ།

ནམ་ཟླ་འཁྱག་རོམ་གྱི་སྦུབས་ལས་སྦུབས་སུ་སྙིགས།

ཨམ་གཙིགས་བསྡམས་ཏེ་ཁ་བའི་སྒྲུང་བྲིས།

ཐ་སྙད་གཅིག་གྱུར་མེད་པའི་སེམས་ཁྲལ་གྱིས།

སྒྲུང་ནང་གི་མི་སྣ་རེ་རེར།

གསུབ་ཏུ་མེད་པའི་སྐྱོ་ཡུས་ཀྱི་རྨ་ཁ་བཏོད།

གསང་བའི་ཐ་སྙད་ཀྱི་ཚོགས་པ།

སོ་སོར་གྱེས་པའི་དུས་ཚོད་ཀྱི་སྟེང་དུ་ཟགས།

མཚན་མོའི་ཡུན་ཐུང་གི་རྡབ་གསིག་ལས།

ངའི་སྐྱོ་སྒྲུང་གི་ཟབ་ས་ནས་རྔུལ་ཆུ་བཞུར་ཏེ།

སྒྲུང་ནང་དུ། སྐད་ཆའི་རྣོ་མི་ཐེག་པའི་རྨས་མ་སྐོར་ཞིག་བྱུང་།



  • ལེ་ཚན་སྔོན་མ།:སྨུག་པ་མི་དྭངས་པའི་ཉིན་ཞག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།