སྨུག་པ་མི་དྭངས་པའི་ཉིན་ཞག།

ལྡེའུ་ནག།        2021-08-12

ཁ་སང་ནས་བཟུང་ང་ཡི་སེམས་པའི་སྒེའུ་ཁུང་ངོས་སུ།

རྒྱང་རིང་མི་མཐོང་བའི་སྨུག་པ་ཞིག་འཐིབས་སོང་།

ཉིན་ཞག་གཉིས་ཙམ་སོང་ན་ཡང་ད་དུང་ཡལ་རྒྱུ་མ་བྱུང་།

འདི་ནི་ལས་དབང་གི་སྨུག་པ་ཡིན་ནམ། ཡང་ན་རྨི་ལམ་གྱི་སྨུག་པ་ཡིན།

སེམས་པ་ནི་ཧ་ཅང་སྙི་མོ་སྙི་མོ་ཞིག་ཡིན།

གློ་བུར་བའི་འཕྲལ་རྐྱེན་ཞིག་གིས་མི་བདེ་བར་གྱུར།

ད་དུང་དུས་ཚོད་ཀྱི་འགལ་འདུའི་བར་ནས།

ཐོས་པ་དང་མ་ཐོས་པ་ལྟ་བུའི་ཤབ་ཤུབ་ཀྱི་གཞས་རེ་གཏོང་དགོས་བྱུང་།

ད་ནི་དུས་ཚོད་ཀྱི་ཟླ་ཞག་མང་པོ་ཞིག་ངང་གིས་རྫོགས་སོང་།

དགུན་ཟླ་རལ་བའི་མཐོན་མཐིང་གི་སེམས་པའི་ངོགས་སུ།

ད་དུང་རླུང་བུའི་བཅོམ་པར་མི་ནུས་པའི་སྨུག་སྤྲིན་ཞིག་འཐིབས་སོང་།

འདི་ནི་རྒྱུ་རྐྱེན་གང་ཞིག་གིས་དྭངས་པར་ནུས།

འདི་ནི་སུ་ཞིག་གི་ཆོ་འཕྲུལ་རེད།

ངས་གཞི་ནས་ཤེས་བྱུང་སྨུག་པ་འདི་དྲན་པའི་སྨུག་པ་ཞིག་རེད།

ནགས་ཚལ་དུ་བུད་སོང་བའི་རི་དྭགས་དེའི་ཞལ་རས་མ་མཐོང་བར་དུ།

སྨུག་པ་འདི་དྭངས་མི་སྲིད། གཏན་ནས་དྭངས་མི་སྲིད།

ས་སྲོད་རེ་རེར་གྱུར་རྗེས་སུ་སྔར་གྱི་དུས་ཚོད་ཀྱི་འཆར་ཡན་དྲན་འོང་།

ད་དུང་རྨི་ལམ་གྱི་བདེ་མོ་འཇོག་སྟངས་དང་སང་ཉིན་དྲན་ན།

ལུས་སེམས་ཧ་ཅང་དུབ་པའི་སྨུག་སྤྲིན་ཞིག་སྔར་ནས་འཁྲིག་ཡོད་པ་འདྲ།

ང་ཡི་མདུན་གྱི་ལམ་ཕྲན་ལ་བསམ་གཞིག་གཏོང་བའི་སྙིང་ཉེ་ལགས།

ད་ནས་བཟུང་སྟེ་མི་ཚེའི་འཆར་ཡན་ཁྲོད་ནས་ལོ་ཟླའི་ཕྱིར་མིག་ཀློང་ནས།

གཞུག་མའི་དུས་ཚོད་ལ་དེ་ཙམ་ཞིབ་འདང་མ་རྒྱག་རོགས།

ཞེན་ཆགས་ཀྱི་རྣམ་ཤེས་རྒོད་པོ་འདིའི་གཏན་དུ་གཏོང་དཀའ་བར་འདུག།

སྨུག་པ་དྭངས་ནའང་ད་དུང་ཚེ་རབས་ཀྱི་རླུང་རྟ་གཡུག་རྒྱུ་མ་བྱུང་།

ཉི་ནུབ་ཀྱི་གྲིབ་སོ་གུག་དུས་ཤབ་ཤུབ་ཀྱི་དགུན་ཟླ་རིང་མོ་ཞིག།

ག་ལེར་ན་ཟུག་གི་ཀློང་ནས་བསྐྱལ་དགོས་བྱུང་སོང་།

ལས་དབང་གི་རླུང་བུ་གཡུག་ཚར་བ་ནས་བཟུང་།

སུས་ཀྱང་འགོག་དཀའ་བའི་དྲན་གཞས་ཤིག་ངང་གིས་ཐོས་འོང་།

དེ་ནི་ལོ་ཟླའི་འགྱུར་ལྡོག་གི་ཀློང་ནས་ཡོང་བའི་མགྲོན་པོ་ཞིག་རེད།

ཁ་གྲག་མི་ཤེས་པའི་སྨྲ་བསམ་བརྗོད་འདས་ཀྱི་སྐུ་མགྲོན་ཞིག་རེད།

ཚོར་བའི་རབ་ཁ་ནས་གཙང་པོ་བརྒལ་འདོད་ཀྱི།

གྲུ་གཟིངས་ལ་སྒུག་པའི་མགྲོན་པོ་ལགས།

ཉིན་ཞག་འདི་དག་གི་ནང་ནས་སྨུག་པ་མ་དྭངས་པས།

སེམས་ལ་སྐྱོ་གདུང་གི་ངལ་བ་བཟོས་བྱུང་ངམ།

༡༠

གླུ་གཞས་གཉོམ་པོ་དང་ཁེར་རྐྱང་གི་ནང་སྙིང་རྟོགས་དུས།

སྲང་ལམ་གྱི་གྲང་རླུང་དག་ང་ཡི་སེམས་སུ་བཙན་གྱིས་འཚེར་འོང་།

དེ་དུས་ལས་དབང་གི་རྐང་ལམ་ནས་ཐུག་འཕྲད་མ་བྱུང་བའི་སྙིང་ཐུབ་དེ།

ནགས་ཚལ་རི་བོར་འཁྲིག་པའི་སྨུག་པ་དང་འདྲ་བར།

བདག་དང་ཉེ་བར་ཡོད་ན་བསམ། གཏན་དུ་གྱེས་མ་སོང་ན་བསམ་་་་་་



  • ལེ་ཚན་སྔོན་མ།:ཉི་ནུབ།
  • ལེ་ཚན་རྗེས་མ།:མཚན་མོའི་སྒྲུང་།