ཧྲེན་དབྱང་གིས་ལྕགས་ཟམ་དང་དུང་དཀར་ལུང་པར་རིམས་ཚུལ་འགོག་ཟོན་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་ལྟ་སྐུལ་ཁྲིད་སྟོན་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2021-08-11

ཧྲེན་དབྱང་གིས་ལྕགས་ཟམ་དང་དུང་དཀར་ལུང་པར་རིམས་ཚུལ་འགོག་ཟོན་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་ལྟ་སྐུལ་ཁྲིད་སྟོན་གནང་།

ཧྲེང་དབྱང་གིས་ལྕགས་ཟམ་རྫོང་མི་དམངས་སྨན་ཁང་དུ་རིམས་ནད་འགོག་ཟོན་ཚོད་འཛིན་ལས་ཀར་ལྟ་སྐུལ་ཞིབ་བཤེར་གནང་བཞིན་པའི་ཚུལ་རེད།

སྤྱི་ཟླ8པའི་ཚེས6ཉིན་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ལྕགས་ཟམ་རྫོང་དང་དུང་དཀར་ལུང་པ་སོགས་སུ་ཕེབས་ནས་རིམས་ནད་འགོག་ཟོན་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་དང་ལྟ་སྐུལ་ཁྲིད་སྟོན་མཛད་ནས་འགོག་ཟོན་ཚོད་འཛིན་གྱི་ལས་ཡུལ་དང་པོར་འབད་འཐབ་བྱེད་མཁན་གྱི་ལས་བྱེད་པ་དང་མང་ཚོགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།

ཧྲེན་དབྱང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་དང་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རིམས་ཚུལ་འགོག་ཟོན་ཚོད་འཛིན་བྱ་རྒྱུ་དེ་མིག་སྔར་ཆེས་གལ་འགངས་ཆེ་བའི་ལས་འགན་ཞིག་ཏུ་བརྩིས་ནས་ཚན་རིག་དང་མཐུན་པ་འགོག་ཟོན་དང་། འགོག་ཟོན་ཚོད་འཛིན་གནད་སྨིན། འགོག་ཟོན་གོ་རིམ་ཡོད་པ། གནས་ཡུལ་གཙོ་གནད་དང་ཁྱབ་ཁོངས་གཙོ་གནད། གནད་འགག་ཐུག་ས་གཙོ་གནད། མི་ཚོགས་གཙོ་བོ་བཅས་ལ་ཆད་ལུས་ཞིབ་བཤེར་དང་མི་འདང་སར་ཁ་གསབ་བྱེད་པ། “ཕྱི་ནས་ཁྱབ་མཆེད་ཡོང་བར་འགོག་ཟོན་དང་ནང་དུ་བསྐྱར་དུ་ཐོན་པར་འགོག་ཟོན། མི་དང་དངོས་ཟོག་མཉམ་འགོག་བྱས་པའི”ལས་དོན་ཁག་དམ་འཛིན་བྱས་པར་བརྟེན། རིམས་ནད་འགོག་ཟོན་གྱི་ཉེན་མེད་དྲ་བ་སྔར་བས་ཁྱབ་པ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་དང་སྤྱི་ཚོགས་ཁྱོན་ཡོངས་བདེ་འཇགས་སྒྲིག་ལམ་ལྡན་པར་ཁག་ཐེག་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

གཡག་རྔ་ནས་དར་མདོའི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་ཁའི་ཕྱིར་བུད་སའི་བབས་ཚུགས་དང་དུང་དཀར་ལུང་པ་འབོ་ཞབས་གྲོང་རྡལ་གྱི་བདེ་ཐང་ཞབས་ཞུ་ས་ཚུགས་སུ་ཧྲེན་དབྱང་གིས་བབས་ཚུགས་སུ་རླངས་འཁོར་འཇུག་ཚད་དང་འགོག་ཟོན་བྱེད་ཐབས་སོགས་ཀྱི་གནས་ཚུལ་ཆ་རྒྱུས་ཞིབ་ཕྲ་བྱས་པ་དང་ཆབས་ཅིག ཡུལ་དངོས་སུ་བདེ་ཐང་ཞབས་ཞུའི་ས་ཚུགས་ཀྱི་དཔྱད་བཤེར་བརྒྱུད་རིམ་ལ་ལྟ་བཤེར་མཛད་པ་རེད། ཁོང་གིས་ད་དུང་ལྕགས་ཟམ་རྫོང་གི་ལྕགས་ཟམ་གྱི་མཛེས་ལྗོངས་ཁུལ་དང་དུང་དཀར་ལུང་པ་རྒྱང་སྐྱོད་མགྲོན་ཁང་ཆེན་མོ། དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ལྟེ་གནས་སོགས་སུ་ཞིབ་བཤེར་མཛད་པ། གཞན་ཡང་ལྕགས་ཟམ་རྫོང་མི་དམངས་སྨན་ཁང་དང་དུང་དཀར་ལུང་པའི་འབོ་ཞབས་གྲོང་རྡལ་ལྟེ་བའི་སྨན་ཁང་དུ་ཧྲེན་དབྱང་གིས་ཚ་བ་རྒྱས་པའི་ནད་པ་སོགས་གཙོ་གནད་མི་ཚོགས་ཀྱི་ཉེན་ཟོན་བྱེད་ཐབས་སྤྱད་པ་དང་ཚ་བ་རྒྱས་པའི་སྒོ་བསྟེན་སྒོ་རྒྱག་དོ་དམ་སོགས་ཀྱི་ལས་དོན་སྙན་ཞུ་ལ་གསན་པར་མ་ཟད། སྨན་ཁང་གི་ཉེན་ཟོན་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད། སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དཀར་མཛེས་ཁུལ་ཡན་ལག་སློབ་གླིང་གི་ལས་གྲྭ་འཛུགས་སྐྲུན་བྱ་ཡུལ་དུ་ཧྲེན་དབྱང་གིས་ལས་གྲྭ་འཛུགས་སྐྲུན་གྱི་འཕེལ་རིམ་དང་རིམས་ནད་འགོག་ཟོན་སོགས་ཀྱི་གནས་ཚུལ་ལ་ལྟ་བཤེར་གནང་བ་རེད།

ཧྲེན་དབྱང་གིས་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་རིམས་ཚུལ་འགོག་ཟོན་ཚོད་འཛིན་ལྷོད་གཡེང་གཏན་ནས་མི་བྱེད་པར་ནད་ཡམས་འགོག་པའི་སྙིང་སྟོབས་རླབས་ཆེན་པོ་དར་སྤེལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀ་སྒྲུབ་མི་འདོད་པའི་བསམ་ཚུལ་དང་སྟེས་དབང་གི་བསམ་ཚུལ་མཐའ་གཅིག་ཏུ་ཁྱད་བསད་བྱས་ཤིང་། ས་གནས་དང་སྡེ་ཁག་དང་སྡེ་ཚན། མི་སྒེར་བཅས“ཕྱོགས་བཞིའི་འགན་འཁྲི”ནན་དུ་གཏོང་བ་བཅས་བྱས་ནས་དེ་བས་ཞུམ་མེད་ཀྱི་བློ་སྟོབས་དང་དེ་བས་ནུས་ལྡན་གྱི་བྱེད་ཐབས་ལ་བརྟེན་ནས་རིམས་ཚུལ་འགོག་ཟོན་ཚོད་འཛིན་ལས་ཀ་དམ་འཛིན་ནན་པོ་བྱ་དགོས། རིམས་ནད་བྱུང་ཚུལ་ལ་གཞིགས་ཏེ་ཚན་རིག་དང་མཐུན་པར་ལོགས་བཀར་བྱེད་ས་དང་། རིམས་འགོག་མི་སྣ། སྨན་བཅོས་ལ་མཁོ་བའི་དངོས་རྫས་བཅས་གསོག་འཇོག་བཀོད་གཏོང་ཡག་པོ་བྱ་དགོས། ཉེན་མེད་དང་གོ་རིམ་ལྡན་པའི་སྒོ་ནས་རིམས་འགོག་སྨན་ཁབ་རྒྱག་རྒྱུར་སྐུལ་འདེད་གཏོང་བ་དང་། ཚན་རིག་དང་མཐུན་པར་རིམས་འགོག་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ལ་རང་ཉིད་འགོག་སྲུང་གཟབ་ནན་བྱ་རྒྱུའི་ཁྲིད་སྟོན་བྱེད་པ། སྤྱི་པའི་འདུ་གནས་ཀྱི་རིམས་འགོག་ལས་དོན་ལ་གཞོགས་འདེགས་བྱེད་པ། མི་མང་འཛོམས་སའི་རིམས་འགོག་ལས་ཀར་གཞོགས་འདེགས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་རིམས་འགོག་མཉམ་ཤུགས་ཆགས་པ་བྱ་དགོས། ལྟ་སྐུལ་ཁྲིད་སྟོན་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཐོག་ཏུ་གནད་དོན་ཤེས་པ་དང་། མགྱོགས་མྱུར་དུ་དག་བཅོས་བྱེད། སྐྱོན་ཆ་འགོག་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་ལས་ཀའི་ཕན་འབྲས་ལ་བརྟེན་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས།།



  • ལེ་ཚན་སྔོན་མ།:ཏུང་ཅིང་ཨའོ་རྩལ་འགྲན་ཚོགས་སུ་རང་རྒྱལ་ལ་གསེར་གྱི་རྟགས་མ38རག།
  • ལེ་ཚན་རྗེས་མ།:ལོ་སྟོད་རང་ཁུལ་གྱིས་ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས་ལས་ཞུགས་བརྟན་ཁྲོད་ཡག་ཕྱོགས་སུ་འཕེལ།
  • དོ་སྣང་ཆེ་བའི་རྩོམ།