གཉིད་ཡེར་བའི་མཚན་མོ།

བཀྲ་ཤིས་སྟོབས་རྒྱལ།        2021-08-11

དོ་ནུབ་སླར་ཡང་ནམ་གུང་གི་ཆུ་ཚོད་གཉིས་པ་ཡོལ་ནས་སྐར་མ་བཅུ་ཙམ་ལ་བསླེབས་འདུག། ངས་གཞི་ནས་རང་ཉིད་གཉིད་དུ་ཡུར་ཐུབ་མིན་གྱི་སྐོར་ལ་བསམ་བློ་ཡང་ཡང་གཏོང་དགོས་བྱུང་། མཚན་མོ་ནི་མཐའ་མེད་པའི་སྟོང་དབྱིངས་ཤིག་སྟེ། འགྲོ་བ་མི་ཡི་གཉིད་ཀྱི་སྔུར་བ་དང་ཕུན་སུམ་ཚོགས་པའི་རྨི་ལམ་གྱི་དགའ་ཚལ། ཉིན་དཀར་འཚོ་བས་གཟིར་བའི་ངལ་དུབ་དང་རྙོག་དྲ། བསམ་གཞིག་གིས་མ་དཔོག་པའི་སེམས་ཁྲལ་དང་གནོན་ཤུགས་བཅས་མཚན་མོའི་ལྷིང་འཇགས་ཀྱི་པང་དུ་ཐིམ་པར་གྱུར་ཞིང་། མཚན་མོ་འདིས་ངའི་མིག་ཟུང་དམ་པོར་བཀབ་ཚེ། ཕྱི་རོལ་ཏུ་རླུང་བུས་ཤུགས་ཀྱིས་སྐྱོད་པའི་ཇོ་དར་གྱི་སྒྲ་དང་། སྒོ་ཁྱི་སྔངས་ནས་ཟུག་པའི་ཅོང་སྐད། རང་སེམས་འཇགས་སུ་མེད་པའི་འཕར་སྒྲ། དེ་མིན་རང་བྱུང་ཁམས་ལས་བྱུང་བའི་སྒྲ་སྣ་ཚོགས་གཞི་གཅིག་ཏུ་འདྲེས་ནས་བཀག་ཏུ་མེད་པའི་ཚུལ་གྱིས་རྣ་ལམ་དུ་འཚང་ཡོང་བས་ངའི་ནང་སེམས་ཀྱི་ཉིན་སྲིབ་ཀུན་ལ་ཉིན་མོ་ལྟ་བུའི་འདུ་འཛིས་ཁེངས་པར་བྱས།

བཤད་རྒྱུན་ཞིག་ཏུ་མཚན་མོ་གཉིད་རྒྱུ་མེད་ན་འུག་པ་འདྲ་ཟེར་སྲོལ་ཞིག་ཡོད་མོད།ངས་རང་སེམས་རྣལ་དུ་ཕབ་ནས་བསམ་བློ་ཞིག་བཏང་ན་ང་ནི་འུག་པ་ནང་བཞིན་མཚན་མོའི་དཀར་ཆ་མཐོང་བའི་མིག་ཤེས་ཤིག་མེད་ན་ཡང་མལ་དུ་འགྱེལ་རྗེས་གཉིད་ཐབས་བྲལ་བའི་ངན་གཤིས་ཤིག་གིས་ལུས་སེམས་གཉིས་ཀ་ཡོངས་སུ་བཟུང་བས་གཟུགས་ཅན་དང་གཟུགས་མེད་ཀྱི་དངོས་པོ་མང་པོས་མིག་ཀོང་དུ་འཚང་ག་རྒྱག་ཡོང་།

སྤྱིར་ཉིན་དཀར་དང་མཚན་མོ་ནི་ཉི་མའི་འོད་ཐིག་འཕྲོས་པའི་ས་ཁོངས་ཀྱིས་གཏན་འཁེལ་བྱས་པ་ལྟར་མཚན་མོ་ཞེས་པ་ཡང་ཉི་ནུབ་ནས་ཐོ་རེངས་ཀྱི་བར་དུ་བཏགས་པའི་ས་ཁམས་གཞུང་ལུགས་སམ་གནམ་དཔྱད་རིག་པའི་མཚན་ཉིད་ཅིག་ཡིན། གདོད་མའི་སྤྱི་ཚོགས་སུ་འགྲོ་བ་མི་ལ་མཚན་མོ་གསལ་བར་བྱེད་པའི་འོད་སྣང་སོགས་གང་ཡང་མེད་སྟབས་མུན་པ་མཐོང་བའི་མིག་འབྲས་ལྡན་པའི་སེམས་ཅན་རྣམས་ཀྱི་འཇབ་རྒོལ་ལས་གཡོལ་ཆེད་ཉིན་མོར་འབད་འབུངས་ཀྱིས་ངལ་རྩོལ་བྱས་རྗེས། ཉིན་དཀར་གྱི་ངལ་དུབ་རྒྱབ་གང་ཁུར་ཏེ་མཚན་མོའི་ལྷིང་འཇགས་ཀྱི་པང་དུ་མིག་ཟུང་བཙུམས་ནས་ལྷོད་ལྷོད་དུ་ལུས་སེམས་གཉིས་ཀྱི་ངལ་དུབ་སངས་ཐབས་དེ་ནི་གཉིད་ལ་ཞུགས་པ་ཡིན་ཞིང་།ད་ལྟའི་ཚན་རིག་དང་འཚམ་པའི་འགྲེལ་བ་ཞིག་དགོས་ན་ཀླད་ཆེན་གྱི་པགས་རིམ་ངལ་གསོ་བའི་ངང་ལ་གནས་པའི་རྣམ་པ་ཞིག་ལ་གོ་བར་སྙམ། དེས་ན་མི་རྣམས་ཅིའི་ཕྱིར་མཚན་མོར་ཉལ་ནས་གཉིད་ལོག་དགོས་པ་དེ་ཡང་རིམ་གྱིས་གོམས་གཤིས་སུ་ཆགས་པ་དང་། གོམས་གཤིས་དེ་ནི་དུས་ཡུན་རིང་བོའི་ནང་དུ་མི་རྣམས་ཀྱིས་ཉིན་གཅིག་གི་ནང་དུ་དུས་ནམ་ཞིག་ལ་གཉིད་ལོག་པ་དང་དུས་ནམ་ཞིག་ལ་བཟའ་བཏུང་རོལ་བ། དུས་ནམ་ཞིག་ལ་བྱ་བ་བསྒྲུབ་པ་སོགས་ཚང་མར་གོ་རིམ་ངེས་ཅན་ཞིག་ཆགས་ཡོད་ཅིང་།གོ་རིམ་འདི་དག་ནི་ཧ་ལམ་དངོས་པོའི་བྱེ་བྲག་གི་ལུས་ཁམས་སྟེང་གི་འཁོར་སྐྱོད་ཀྱིས་ཐག་གཅོད་པ་རེད་ལ། དེ་འདྲའི་གོམས་ལོབས་སུ་གྱུར་པའི་སྣང་བརྙན་ནི་འགྲོ་བ་མིའི་ཐུན་མོང་ངངམ་སྐུལ་དང་བླངས་ཀྱི་སྲུང་བའི་སྒྲིག་གཞི་ལྟ་བུར་གྱུར་ཡོད།

མི་ཞིག་གི་མི་ཚེ་ནི་དུས་ཚོད་སྐར་ཆ་རེ་རེ་བསགས་ནས་གྲུབ་པ་ཞིག་ཡིན་ལ་མི་ཚེ་གཅིག་གི་དུས་ཚོད་མང་ཆེ་ཤོས་ཀྱང་གཉིད་ཀྱི་ཁྲོད་ནས་རིམ་བཞིན་འཛད་འགྲོ་བ་དང་། མཚན་མོའི་གཉིད་ཀྱི་ས་ཚུགས་ནས་ངལ་གསོ་ཡིད་ཚིམ་པ་ཞིག་བྱས་རྗེས་ཉིན་དཀར་གྱི་འགྲོ་འདུག་སྤྱོད་གསུམ་ལ་ལུས་ཤུགས་དང་སེམས་ཤུགས་གང་རུང་གིས་རམ་འདེགས་བྱེད་ཀྱིན་ཡོད། གལ་ཏེ་གཉིད་ཀྱི་ཆེས་འཚམ་པའི་དུས་ཚོད་ཡོལ་བའམ་དེའི་ཚད་ཐིག་ལས་བརྒལ་བར་གྱུར་ཚེ་འཕྲུལ་འཁོར་གྱི་མ་ལག་གང་ཞིག་ཟད་པ། ཆག་པ། འཐོར་བ། སྐྱོན་གྱིས་ཟིན་པ་བཞིན་ཉིན་རེའི་འཚོ་བ་དང་བྱ་བར་ཤུགས་རྐྱེན་ཐེབས་བཞིན་ཡོད། བྱིས་པ་ནི་ཡུན་རིང་གི་རྨི་ལམ་ཁྲོད་ནས་འཚར་ལོངས་བྱུང་བཞིན་ཡོད་ཟེར་བ་ལྟར་དུ་གསར་སྐྱེས་ཀྱི་བུས་པ་ཞིག་གི་གཉིད་ཀྱི་དུས་ཡུན་ནི་ཉིན་གཅིག་ལས་ཆུ་ཚོད་བཅུ་དྲུག་ནས་ཉི་ཤུའི་བར་ཡིན་པ་དང་།ན་ཚོད་རིམ་བཞིན་སོན་པ་དང་བསྟུན་ནས་གཉིད་ཀྱི་དུས་ཡུན་ཡང་ཇེ་ཐུང་ནས་ཇེ་ཐུང་དུ་འགྲོ་བའི་རྣམ་པ་ཞིག་ཆགས་ཡོང་སྟེ། དར་མའི་གཉིད་ཡུན་ནི་བྱིས་པའི་གཉིད་ཡུན་ལས་ལྡབ་འགྱུར་གྱིས་ཇེ་ཐུང་དུ་གྱུར་པ་དང་། དེ་བས་ལོ་ན་བགྲེས་པའི་རྒན་རྒོན་རྣམས་མཚམས་རེར་གཉིད་མི་ཡོང་བའི་དུས་སྐབས་མང་དུ་མཆིས། འདི་དག་ནི་མི་ཚེ་ཞེས་ཆེས་མཚར་སྣང་གིས་ཁེངས་པའི་འགྲུལ་བཞུད་ཀྱི་བརྒྱུད་རིམ་ཁྲོད་ནས་འབྱུང་སྲིད་པའི་ཆོས་ཉིད་ཅིག་ཡིན་པ་དང་།མིའི་རིགས་ཀྱི་ཤེས་རབ་དང་བསམ་གཞིག་གི་ནུས་པ་རིམ་བཞིན་འཕེལ་བ་དང་ལྷན་དུ་ཕྱོགས་བསྡོམས་བྱས་པའི་ཉམས་མྱོང་རྩ་ཆེན་ཞིག་ཡིན་པ་གོར་མ་ཆག།

ངས་བཤད་པའི་གཉིད་ཡེར་བ་ནི་གཉིད་ལོག་པའི་དུས་ཚོད་དེ་ཕྱི་རོལ་གྱི་ཡུལ་རྐྱེན་ལ་བརྟེན་ནས་གཉིད་ཀྱི་དུས་ཡུན་དང་། ཟབ་ཚད།སྤུས་ཚད་བཅས་འདོད་ཐོག་ཏུ་མ་ཡོང་བ་མ་ཡིན་ལ་ཆེད་དུ་གཉིད་ཁམས་སུ་མ་ལོག་ནས་ཆེད་དུ་མཚན་མོ་བསྐྱལ་བའི་རིགས་ཤིག་ཡོད་པ་དེར་ཟེར་བཞིན་ཡོད། གནའ་མིའི་གཏམ་དཔེར་ཉིན་གྱི་མི་དང་མཚན་གྱི་ཁྱི་བྱེད་དོ་ཟེར་བ་ལྟར་གནའ་ནས་ད་བར་དུ་མཚན་བསྐྱལ་ཞེས་པའི་བརྒྱུད་རིམ་འདི་ཡོད་ལ། ཚན་རྩལ་དང་དཔལ་འབྱོར་དེ་ཙམ་མ་དར་བའི་མནའ་བོའི་དུས་སུ་མི་རྣམས་ཀྱིས་ཞག་སྒྲོན་སོགས་ཀྱི་སྣང་བར་བརྟེན་ནས་ཞིང་རྨོ་བ་དང་ཐག་འཐག་པ། ལག་ཆ་བཟོ་བ། ས་མཚམས་སྲུང་བ། ལྐོག་ཚོང་རྒྱག་པ་བཅས་བྱེད་ཅིང་། མནའ་བོའི་དུས་སུ་ད་དུང་མཚན་མོ་བསྐྱལ་བའི་རིགས་ཤིག་ཡོད་པ་ནི་སློབ་སྦྱོང་ལ་འབད་འབུངས་བྱེད་མཁན་གྱི་མི་དེ་དག་ཡིན། སྔོན་ཆད་མི་ཞིག་གིས་འདི་ལྟར་ལབ་མྱོང་སྟེ། བོད་ཀྱི་སྔོན་བྱོན་མཁས་པ་མང་པོས་མཚན་མོར་སྒྲོན་པའི་སྤོས་ཀྱི་འོད་ལ་བརྟེན་ནས་སློབ་སྦྱོང་བྱས་པ་དང་། ལ་ལས་ཟླ་འོད་ཀྱི་རྗེས་སྙེག་བྱས་ནས་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད་ཟེར།སྐད་ཆ་འདི་ནི་མེས་པོ་གོང་མ་རྣམས་ཀྱི་སྙིང་རུས་དང་གྲུབ་འབྲས་ལ་དམིགས་ནས་གཞིགས་ན་བདེན་སྣང་གིས་ཁེངས་ཤིང་། དེ་ནི་ད་ལྟའི་སྐབས་སུ་ང་ཚོས་མི་ཚེ་གཅིག་ལ་བཀླག་མི་ཚར་བའི་ཤེས་བྱའི་བང་མཛོད་ཤུལ་དུ་བཞག་པ་འདི་ཡང་ཁོང་རྣམས་ཀྱིས་བགྲང་པར་དཀའ་བའི་མཚན་མོ་གྲངས་མེད་ལ་འབད་བརྩོན་བྱས་པའི་འབྲས་བུ་ཤ་སྟག་ཡིན་པ་རྟོགས་ནུས་མོད། རླབས་ཆེ་བའི་བྱ་གཞག་མང་པོ་མཚན་མོ་བསྐྱལ་བ་ཁོ་ན་ལས་ཐོབ་པའི་མཐའ་འབྲས་མ་ཡིན་པ་ཟུར་ནས་བལྟས་པ་དང་ལེབ་ནས་མཐོང་བ་མཉམ་པ་ལྟར་རོ།

གནའ་དེང་གི་སྤྱི་ཚོགས་བར་ལ་མ་གཞི་ནས་ཧེ་བག་ཆེན་པོ་ཡོད་ཅིང་། ད་ལྟའི་ཚན་རྩལ་དང་དཔལ་འབྱོར། འཚོ་བ་བཅས་ཇེ་ལེགས་སུ་སོང་བ་དང་མཚན་མོའི་རོལ་རྩེད་ཀྱི་རྣམ་གྲངས་ཕུན་སུམ་ཚོགས་པའི་བསླུ་བྲིད་ལ་བསྟུན་ནས་མཚན་མོ་སྐྱེལ་མཁན་གྱི་མི་གྲངས་སྔ་མོ་དང་བསྡུར་ན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། འདི་ནི་སྤྱི་ཚོགས་ཡོངས་ཀྱིས་གོམས་སྲོལ་ཞིག་ཏུ་རྩི་བཞིན་ཡོད་ལ། མི་གང་མང་ཞིག་ཤེས་མེད་ཚོར་མེད་གྱི་ངང་ནས་མགོ་མཇུག་ལྡོག་པའི་འཚོ་བར་ཡུན་དུ་དགའ་བས་འཇུག་གིན་འདུག། བརྡ་འཕྲིན་གྱི་གོམ་འགྲོས་དལ་བ་ནས་མགྱོགས་པར་སོང་བའི་འདས་སོང་གི་མི་ལོ་མང་པོའི་ཡར་སྔོན་ནས་ད་ལྟའི་བར་དུ་མིའི་རིགས་ཀྱིས་བསམ་ཡུལ་ལས་འདས་པའི་འགྱུར་ལྡོག་ཆེན་པོ་ཞིག་ལ་གདོང་གཏད་བྱེད་དགོས་བྱུང་ཡོད་པ་འདྲ་སྟེ། འགྱུར་ལྡོག་དེས་མི་རྣམས་ཀྱི་འཚོ་བར་ངོས་གཉིས་ཅན་གྱི་མེ་ལོང་རེ་བཟོས་ཡོད། མེ་ལོང་ལས་མངོན་པ་གཅིག་ནི་ངལ་དུབ་དང་གཅིག་ནི་མགྱོགས་ཚད་ཡིན།

དུས་ཚོད་ཀྱི་སྨྱུ་གུས་མཚན་མོ་བསྐྱལ་བའི་སྐྱེ་བོ་ཀུན་ལ་ཁ་དོག་འདྲ་མིན་གྱི་རི་མོ་རེ་བྲིས་འདུག་ཅིང་། རི་མོས་གྲུབ་པའི་མཚན་ལྗོངས་ཀྱིས་གཉིད་ཁོམ་མ་བྱུང་བའི་མི་ཀུན་ལ་མཇུག་འབྲས་གཅིག་པ་རེ་སྟེར་བཞིན་ཡོད། འབྲས་བུ་དེ་ནི་ངལ་དུབ་དང་། རྙོག་པོ། ཐམ་ཐོམ། སོམ་ཉི། ཟར་ཟིར་གྱིས་ཡོངས་སུ་ཟིན་པའི་ཚོར་བ་ཞིག་ཡིན། དེ་ལྟར་ཡིན་ན་ཡང་། མཚན་འཁྱོངས་བྱས་ནས་གཉིད་འབོར་མཁན་ཀུན་གྱིས་རྒྱུ་རྐྱེན་མི་འདྲ་བ་རེ་བཤད་སྲིད་དེ། མུ་འབྲེལ་གློག་བརྙན་ལ་རོལ་བ། མཉེན་ཆས་སྣ་ཚོགས་ལས་ཐད་གཏོང་གིས་ཉོ་ཚོང་རེམ་པ། དྲ་བའི་རྩེད་རིགས་ཀྱི་ཀློང་དུ་ཞུགས་པ། མཁོ་མེད་ཀྱི་ཁ་བརྡ། སྙིང་གཏམ་གླེང་བ། གཞས་གཏོང་བ་དང་ཆང་འཐུང་བ། གར་ལ་རྩེན་པ་བཅས་ཉིན་དཀར་ལས་ལྷག་པའི་འདུ་འཛིའམ་ཟང་ཟིང་གི་རྣམ་པ་ཞིག་ངང་གིས་ཆགས་ཡོང་། དེ་ལ་རྒྱུན་དུ་མི་ཀུན་གྱིས་མིང་སྙན་མོ་ཞིག་བཏགས་ནས་ལྷོད་གཡེང་དུ་བཏང་སྟེ་སློབ་སྦྱོང་དང་བྱ་བའི་གནོན་ཤུགས་ཆུང་དུ་གཏོང་དགོས་ཞེས་ཁ་གཡར་བཞིན་ཡོད། ངས་ཀྱང་མཚན་མོའི་ལྷིངས་འཇགས་ཀྱི་སྐབས་དང་བསྟུན་ན་ཕྱི་རོལ་གྱི་འགལ་རྐྱེན་ཐེབས་པ་ཉུང་བས་གནད་དོན་ལ་བསམ་གཞིག་ཧ་ཅང་ཟབ་མོ་བྱེད་ཐུབ་པ་དང་། བྱ་བ་སྒྲུབ་ཀྱང་ལས་ཆོད་ཆེ་བ། རང་ཉིད་ཀྱི་ནུས་པས་ཅི་ཡང་ཕེར་བའི་ཆོད་སེམས་ཀྱིས་བརྟས་པར་མ་ཟད། གཞན་གྱིས་བསྒྲུབ་མི་ནུས་པའི་བྱ་བ་མང་པོ་ངང་གིས་འགྲུབ་ཐུབ་པའི་དུས་ཚོད་ཀྱི་སྟོང་ཆ་ཞིག་རང་ཉིད་ཁོ་ནར་དབང་བའི་ཁེངས་སེམས་ཤིག་ཐོལ་གྱིས་སྐྱེས་ཡོང་ལ། ཁེངས་སེམས་དེ་ནི་མཚན་མོ་བསྐྱལ་ནས་གཉིད་ཡེར་བའི་མི་ཐུན་མོང་ལ་ཡོད་པའི་འཕྲུལ་སྣང་ཞིག་ཡིན་སྲིད་དེ། འཕྲུལ་སྣང་དེ་ནི་རྒྱ་མཚོར་གློ་རྡེག་ཏུ་འཁྲུགས་པའི་རྦ་རླབས་ཤིག་དང་མཚུངས་ཤིང་རླུང་བུ་འཇགས་རྗེས་སྔར་གྱི་གནས་སུ་འཇམ་ལྷོད་ལྷོད་དུ་ལྷག་ངེས།

ངས་ནམ་རྒྱུན་མཚན་མོ་རེ་རེ་འཁྱོངས་ཐབས་བྱེད་དུས་རང་ཉིད་ནི་རྒྱུ་རྐྱེན་གང་ཞིག་གི་ཆེད་དུ་མཚན་མོ་སྐྱེལ་གྱིན་ཡོད་པའི་ཨུ་ཚུགས་འཛིན་བཞིན་ཡོད་ཀྱང་། དྲ་བའི་གྲུ་ཟུར་གང་དུ་ཡང་རང་ཉིད་དང་མཚུངས་པའི་མི་ཁྲི་སྟོང་མང་པོ་དམིགས་ཡུལ་ཅི་ཡང་མེད་པར་འཕྱན་གཡེང་བྱེད་ཀྱིན་མཆིས། ང་ཚོས་མཉེན་ཆས་གཅིག་ལས་ཕྱིར་འཐེན་བྱས་རྗེས་སླར་ཡང་གཞན་ཞིག་ཏུ་འཛུལ་བ་དང་། འཆར་ངོས་དེ་རུ་མིག་གིས་བསྐོར་བ་ཐེངས་གཅིག་རྒྱག་པའམ་མཛུབ་མོས་ལན་གཅིག་གནོན་པ། འགྲེ་ལྡོག་འགའ་བྱས་རྗེས་སླར་ཡང་གོང་གི་བྱ་བ་དེ་དག་བསྐྱར་དུ་བྱེད་པ་ལས་ངས་རང་ཉིད་ནམ་ཡང་ཆེས་ཕལ་བའི་ལྟད་མོ་བ་ཞིག་གི་ངང་ཚུལ་འཛིན་པ་ཙམ་ལས་འཁྲབ་སྟོན་པ་གཞན་དུ་འགྱུར་མི་སྲིད་པ་ཚོར་བྱུང་། ནང་སེམས་ནས་སྔ་མོ་ཞིག་ལ་གཉིད་པར་འདོད་ཀྱང་ཡོད་ཚད་མིག་ཟུང་དང་མཛུབ་མོའི་སྟངས་སྟབས་ཀྱི་རྗེས་སུ་འབྲངས་དགོས་བྱུང་བས་ལུས་སེམས་གཉིས་ཀར་ཐམ་ཐོམ་གྱི་སྣང་བས་ཁྱབ་སོང་།འདི་ལྟ་བུའི་གནས་ཚུལ་གྱི་འོག་ནས་གང་ཞིག་འཚོལ་བའམ་ཅི་ཞིག་སྙེག་པར་འདོད་པའི་མཚར་སྣང་གི་སེམས་པ་དེས་ང་རང་དུས་རྟག་ཏུ་བསླུ་བྲིད་གཏོང་གིན་ཡོད་ལ།དགོང་མོར་འདང་རེ་བརྒྱབ་ནས་ཅི་ཞིག་བསྒྲུབ་རྒྱུར་སེམས་ཐག་བཅད་པ་ལྟར་ཡིན་ཡང་།ཞོགས་པར་མལ་ལས་ལངས་རྗེས་འགྱུར་ལྡོག་གང་ཡང་མེད་པར་སྔར་གྱི་ལམ་རྙིང་དེ་ནས་ཆས་དགོས་བྱུང་།

མཚན་མོ་གང་མང་ཁད་ཀྱིས་བརྒལ་བའི་དུས་དང་སྐབས་རེ་རེར་ང་ནི་སྨག་རུམ་གྱི་མཁའ་དབྱིངས་སུ་འོད་ལམ་ལམ་དུ་འཚེར་བའི་སྐར་མ་ཞིག་གི་བཟོ་ལྟར་འཛིན་པའམ་མཚན་མོའི་ཆོ་འཕྲུལ་གྱིས་ང་རང་ནམ་ཡང་ཕྱིར་གཉིད་ཁམས་སུ་ལོག་མི་འདོད་པ་དང་ལོག་མི་ཐུབ་པར་བཏང་ཞིང་།དུས་དེར་ངས་ཕྱོགས་གཅིག་ནས་གླལ་སྒྱིང་འཐེན་པ་དང་གཞན་ཞིག་ནས་མཐའ་མེད་པའི་རྟོག་བཟོའི་འཇིག་རྟེན་དུ་གཡེང་ནས་མི་འདོད་བཞིན་དུ་ཡུན་རིང་ལ་སྡོད་དགོས་བྱུང་བས་ཤ་ཁྲག་གིས་གྲུབ་པའི་ལུས་ཕུང་འདི་ཉིད་ལས་གཉིད་དུ་ཡུར་ན་ཅི་མ་རུང་སྙམ་པའི་དྲན་སྐུལ་ལྟ་བུའི་བརྡ་རྟགས་ཀྱིས་ལུས་སེམས་གཉིས་པོ་གཞི་གཅིག་ཏུ་གནས་ཐབས་མེད་པའི་འགལ་འདུས་ཁེངས་ཡོང་། འགལ་འདུ་དེ་ནི་གཉིད་ཡེར་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་ཡིན།



  • ལེ་ཚན་སྔོན་མ།:ལོ་དེའི་དགུན་ཁ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།