སྡུག་བསྔལ་ཁྲོད་ནས་དབྱངས་ཅན་མ་མཇལ་ཚུལ།

ཀརྨ་རྒྱ་མཚན།        2021-09-10

སྡིག་ན་བུན་ཙམ་ཞིག་འཐིབ་པའི་ཤུལ།།

སྡུག་གླུ་ལེན་གླུ་མཐུད་གྲངས་མེད་བྱས།།

ལས་ལམ་འགྲོ་སྟབས་ཁ་འགྲིག་དོན་ཅི།།

ཚེ་ཕྱེད་ཀའི་གཡག་རོ་ཉི་མས་ཚིག།

ལུས་ལང་ཚོའི་མེ་སྟག་ཡལ་ལ་ཉེ།།

ཁ་ཕོ་བའི་དོན་ལ་ཡུབ་ལུང་མནན།།

དགེ་མི་དགེ་གཉིས་ཀྱི་སྲིབ་ཁ་འཐེན།།

སྐྱིད་ཉི་ཟླའི་སྒང་ལམ་བཙལ་བཙལ་ནས།།

གནས་འཇིག་རྟེན་ཁམས་ཀྱི་ཉག་ག་རུ།།

ལམ་སྐྱ་མོ་བཞི་བདོ་ལྔ་བདོ་བྱེད།།

བློ་བཀོད་པ་ཆུ་ཤིང་ཚིགས་དྲུག་མ།།

ལར་སྦྱོར་བའི་འདབ་ལོ་ཤིག་ཤིག་བྱེད།།

དེ་སྨོན་ལམ་སྐྱོང་གི་བྱིན་རླབས་རེད།།

རྐྱེན་ཐོག་དམར་ཡན་ཞིག་ཁོལ་བ་ན།།

ངའི་རྣམ་ཤེས་པདྨའི་འོད་ཟེར་ལ།།

རེ་བསམ་མི་ཁྱབ་པའི་འདས་གྲོངས་འབྱུང་།།

ཡང་སྐྱེ་འཆི་བརྡོལ་བའི་མགུར་ཡང་འཐེན།།

ཁ་ཐད་གཏད་འོས་ཙམ་བྱས་པ་ཡིས།།

ལྷ་ལྷ་མོའི་གྲལ་མཐར་བསྙེགས་པར་གྱུར།།

རྟགས་རྟེན་འབྲེལ་རིག་པའི་རྟ་ཁྱུ་འདེད།།

མཛེས་སྡུག་གུར་བཀྲ་བའི་ནགས་ཚལ་ནས།།

འདང་འཇའ་ཚོན་དར་སྔོན་ལྡ་ལྡི་གཡོ།།

མཐར་སེམས་བསྐྱེད་ཕྲན་བུ་སྔོན་འགྲོ་བྱས།།

སྤྲིན་མེ་ཏོག་བཀོད་བའི་གྲོང་ཁྱེར་དུ།།

ཡིད་དགེ་བའི་རི་དྭགས་འདེད་པ་ན།།

ཡག་དྲིལ་ཆུང་འབར་བའི་གདོང་ཁེབས་འོག།

འཛུམ་ཟླ་འོད་ཉིལ་བའི་ཡིད་འཕྲོག་མཇལ།།

སེམས་ཚད་མེད་བྱམས་པས་བདག་ལ་རེག།

ཡེ་ཏིང་འཛིན་དག་པའི་གཞལ་ཡས་ནས།།

ཁྱོད་ཡུན་རིང་སྒུག་ཅེས་ཡང་དུ་བཤད།།



  • ལེ་ཚན་སྔོན་མ།:དུས་ཚིགས་ཀྱིས་བཞད་པའི་དབྱར་ཁ།
  • ལེ་ཚན་རྗེས་མ།: མེ་ཏོག་ལྟ་བུའི་ངག།