ཕ་ཡུལ།བརྩེ་དུང་གི་ཆུ་བོ་བཞུར་ས།

བསོད་ནམས་ལས་གྲུབ།        2021-09-07

སིམ་ཙམ་སིམ་ཙམ་བྱས་པ་དེས་ཀྱང་།

མནར་མེད་ཀྱི་ན་ཟུག་འཚིར་ཐུབ་ཀྱིན་འདུག་ཨང་།

མ་གཞི། ངའི་ནམ་མཁའ་ལ་གདེང་ཚོད་ཤོང་མེད།

རྒྱང་རིང་གི་འབྲོག་སྡེ་དེར།

ལྷིང་འཇགས་ཀྱི་ཟིལ་བ་ཆགས་ཤིང་།

ཁེར་རྐྱང་གི་རྣམ་ཤེས་འཁོར་ཡོད།

ད་དུང་། ང་རང་བསམ་ཤེས་ཀྱི་གཞོན་པ་ཞིག་ཏུ་གྱུར་མེད།

ཆུང་དུས་སུ་བག་ཆགས་སྟུག་པའི་ཕ་ཡུལ།

དྲན་གདུང་གི་ཟབ་སར་འཁྱིལ་བའི་གཙང་བོའི་ཁ་རུ་འཕྱོ།

རྦ་རླབས་ཀྱི་ཟེགས་མ་རེ་རེས་ངོ་གདོང་ལ་ཡུར་བུ་བཏོད།

དེས་ཀྱང་། ཀུན་གཞི་ལས་ཕ་ཡུལ་སླར་ཡང་འཁྲུངས།

དེའི་ཕྱིར། ཁོག་པ་ཤོད་ཆེ་ཡང་སེམས་ལ་རླན་པ་འཐོར།

མཐོན་པོ་རི་ལ་འགོས་ཏེ་རྒྱང་མཇལ་བྱས་ཀྱང་།

དམའ་མོ་གཤོང་ལ་བུད་དེ་འགྲམ་པ་སྐྱོར་ཡང་།

ས་མཐའ་ནི་ས་མཐའ་རང་ཡིན་པ་དེས་ཀྱང་།

ང་ལ་ཁེར་རྐྱང་གི་འགྲེལ་བཤད་གཞན་ཞིག་

དགོས་ཀྱི་མི་འདུག།

ཕ་ཡུལ། ཆུང་དུས་ཀྱི་ཕ་ཡུལ།

ཞལ་མཆུ་ལ་ཐལ་རྡུལ་གྱིས་ཁེབས་ཤིང་།

མཛུབ་སེན་ལ་སྣབས་ལུད་ཀྱིས་དཀྲིས་པའི།

ཆུང་དུས་ཀྱི་ཕ་ཡུལ། ཆུང་དུས་ཀྱི་རང་ཉིད།

མཚན་མོའི་རྨི་ལམ་ལས་རྒྱང་མཇལ་ཞུས་ཡོད།

ད་ལྟ། ཕ་ཡུལ་ནི་སྔར་བཞིན་གནས་ཀྱང་།

ངས་གངས་རི་ལ་ལྡོག་འགྲེལ་རྒྱག་པའི་

ཉེར་བསྡོགས་བརྩམས།

ནགས་ཀླུང་ལ་ངུ་ཤོམ་འཐེན་པའི་རྔམ་ལག་བརྐྱངས།

འབྲོག་མི་དག་གི་རང་གཤིས་ལ་མཛུབ་ཀེར་

ཕྱར་བའི་གྲ་འཛུམ་རྒྱས་ཀྱང་།

ཕ་ཡུལ་ནི་སྔར་བཞིན་འཇམ་ཅག་གེར།

ཁུ་སིམ་མེར་འཁྱིལ་ནས་ཡོད།



  • ལེ་ཚན་སྔོན་མ།:དབྱངས་ལ་ཆགས་པའི་མགུར།
  • ལེ་ཚན་རྗེས་མ།:​ཚངས་མགུར་ལྟ་བུའི་དྲན་པ།