ཞོགས་པར་རི་ལམ་འགྲིམ་པའི་སྣང་ཚུལ།

ཁམས་སྨྱུག་གསར།        2021-09-06

དགུ་ཚིགས་སྐྱ་བོས་གནམ་ལ་འཕྲེད་ལམ་འཕངས། །

སྨེ་བདུན་བྱང་ལ་འཁོར་བའི་རྣམ་འགྱུར་སྟོན། །

ཕྱོགས་བཅུའི་རི་རྩེ་དག་ཀྱང་སྐྱ་ལམ་ལམ། །

ཐོ་རངས་མགྲོན་དུ་བསུ་བའི་སྟ་གོན་མཛད། །

ཟླ་བའི་ལང་ཚོ་བཞད་པའི་འཕྲོ་མི་རྙེད། །

བྱ་ཁྱུ་རི་ལས་འཕུར་བའི་རླབས་མི་ཚོར། །

ཁྱི་སྐད་རླུང་གིས་འཁྱེར་བའི་ཞོགས་པ་དེར། །

རི་ལམ་ཕྲ་མོ་བརྒྱུད་ནས་སུ་ཞིག་འཚོལ། །

ལས་ཉོན་འདྲེ་ཚོགས་བཙན་པོས་རྒྱབ་ནས་འདེད། །

མི་རྟག་གཤིན་རྗེ་འཛུམ་པས་མདུན་བསུས་ཏེ། །

སྲིད་པའི་རི་གྲོང་ཆེན་པོ་ཉུལ་བ་ན། །

མི་ཡུལ་འཁྱམས་པོ་ཞིག་གི་གོམ་སྟབས་བསྒྱུར། །

སྐར་ཆེན་རི་ལས་འཛུམ་པའི་སྣང་བརྙན་མཐོང་། །

སྐར་མདའ་ངེས་མེད་བསྐྱོད་པའི་རྫུ་བག་གསལ། །

ཉི་འོད་རྒྱང་ནས་དགོད་པའི་ཁྲོ་ཉམས་ཀྱིས། །

སྐར་ཚོགས་བག་ལ་ཞ་བའི་འཇིགས་སྣང་སྟོན། །

འཐོར་རླུང་ལྗོན་རྩེར་ཕོག་པས་ཤིག་ཤིག་འགུལ། །

ན་བུན་རི་ལ་ཐེག་པའི་ཡོལ་བ་འཁུར། །

བྱ་ཁྱུ་འཕུར་བའི་གཤོག་སྒྲ་རྣ་བར་ལྷུང་། །

རི་བོའི་རྐང་ལམ་སྔར་བཞིན་རྒྱང་དུ་ཟུག །

དུས་ཀྱི་ལང་ཚོ་བཅོམ་པའི་ཆོམ་རྐུན་མས། །

ཉིན་བཞིན་འཚོ་བའི་གར་ལ་རྩེན་དང་ལྷན། །

གཏན་གྱི་ཕུགས་འདུན་ཞེ་ལ་འཆང་མོད་ཀྱང་། །

འདུ་ཤེས་གསུམ་གྱི་ངང་ལ་ཟད་ཀྱིས་དོགས། །

བ་མོ་ཆགས་པའི་འཇག་རྩེ་སིག་སིག་འདར། །

རླུང་མགོར་བསྐྱོན་པའི་གཟན་སྣེ་ལྷབ་ལྷུབ་བསྐྱོད། །

རི་བོའི་གྲོང་ནས་དུད་སྤྲིན་མཁའ་ལ་འཕྱོ། །

རི་སུལ་རྒན་པོས་འདར་གླུ་བར་མེད་ལེན། །

ཉི་རྡུལ་ཕྲ་མོའི་འོད་ཟེར་རི་རྩེར་ཐོགས། །

རི་ཆུ་བབས་པའི་བཞུར་སྒྲ་ས་མཐར་འཐེན། །

བྱེའུ་ཆུང་སྐད་ཅོར་ཅན་དེ་མདུན་ནས་འཕུར། །

ཁོ་བོ་ངེས་མེད་འཁྱམས་ནས་ཉིན་ཞག་ཟད། །



  • ལེ་ཚན་སྔོན་མ།:བརྩེ་འཕྲིན།
  • ལེ་ཚན་རྗེས་མ།:དབྱངས་ལ་ཆགས་པའི་མགུར།