བརྩེ་འཕྲིན།

རི་སྤྱང་།        2021-09-06

ཡིད་ལ་འོང་བའི་ཁྱོད་ཀྱི་གྲིབ་གཟུགས། །

མིག་གིས་འཚོས་ནས་མི་ཚེ་གཅིག་འགོར། །

ཤར་དང་ལྷོ་ཡིས་བཅད་པ་མིན་ན། །

བར་ཐག་གནམ་སའི་བརྒལ་དགོས་མི་འདུག །

ཚེ་གཅིག་ལས་ཀྱི་སྐྱ་ཡ་མིན་རུང་། །

ཚེ་ཐོག་འདི་ནས་ཡིད་ཀྱི་འཁྲི་ཤིང་། །

རབ་རིབ་སྨུག་པའི་ལོ་ཟླའི་ནང་ནས། །

དགའ་སྡུག་འཚོ་བའི་རི་མོ་ཕབ་ས། །

མི་སྡོད་དུས་ཀྱི་རླུང་དམར་གཡུག་ཀྱང་། །

ཡོད་ཚད་ཤོག་ལྷེ་བཞིན་དུ་སྤུར་ཀྱང་། །

ཡིད་ལ་འོང་བའི་སྙིང་སྡུག་ཚེ་འཚོ། །

རི་རྒྱལ་ལྟ་བུ་བརྟན་ན་དེའི་ཆོག །

ཉིན་དང་མཚན་མོ་གཉིས་ཀྱི་བར་ལ། །

ཁྱོད་དང་འབྲེལ་བའི་དུས་ཚོད་གཅིག་ཡོད། །

ཚེ་དང་སྲོག་གི་ཁྲག་ཐིགས་ཕུད་ནས། །

སླད་མེད་བརྩེ་བའི་སྙན་ཚིག་བསྟར་ཡོད། །

དོ་ཞག་ཁྱོད་རང་བདེ་མོ་ཡིན་ནམ། །

དཔྱིད་ཀྱི་ཁ་བ་ལྷབ་ལྷུབ་འབབ་དུས། །

ཚིག་གསུམ་སྙིང་གི་སྐད་ཆ་དེ་དག །

ཁ་བ་ལྷན་དུ་ཞུ་འགྲོ་མེད་དམ། །

ཕན་ཚུན་འཕྲད་པའི་ལས་དབང་མེད་ཀྱང་། །

བརྩེ་བའི་མེ་ཏོག་རྙིད་རྒྱུ་མི་འདུག །

ནམ་ཟླ་དུས་བཞི་རེས་མོས་འཁོར་ཡང་། །

ཁྱོད་རང་སེམས་ནས་ཡལ་ཐབས་མི་འདུག །

ཕུགས་ཀྱི་འདུན་མ་རྒྱང་རིང་གཏད་ཅིང་། །

རྒྱ་ལྕང་སྐྲ་ལོ་རལ་གྲིས་བཅད་ནས། །

འདུ་འཛི་སྤང་ནས་ནགས་ཀྱི་དབུས་ན། །

ཁུ་སིམ་བཞུགས་པས་བདག་ཡིད་སྤྲོ་འོ། །



  • ལེ་ཚན་སྔོན་མ།:ཀ་རྩོམ་རང་ཡིག་རང་སྐད།
  • ལེ་ཚན་རྗེས་མ།:ཞོགས་པར་རི་ལམ་འགྲིམ་པའི་སྣང་ཚུལ།