སེམས་ཀྱི་སྨྲེང་བ།

རབ་དབྱངས།        2021-08-31

མི་ཚེའི་ལམ་སྲང་ཇི་ལྟར་དོག་ན་ཡང་།།

ཉི་ནུབ་ཁོར་སྐྱོད་འདི་ནས་འཕྲད་པ་ཉུང་།།

སྐབས་རེ་ལན་གྱི་སྟབས་ཀ་འགྲིག་ན་ཡང་།།

ཁྱེད་ནི་བརྩེ་བའི་འོད་ཀྱིས་བྱིན་པ་ན།།

ང་ཡི་ལུས་ལ་བརྩེ་བའི་ལན་ཆགས་འཕྲོས།།

སེམས་ཀྱི་སྨྲེང་བ་ཡུན་རིང་འདི་ནས་ཤོར།།

ང་ཡི་མིག་ཟུང་བོར་སའི་རྒྱང་རིང་ནས།།

རྨི་ལམ་རྟ་ཕོ་གབཞོན་ཏེ་ཁྱེད་ཉིད་བཙལ།།

སྲོད་ཀྱི་གྲིབ་མ་ཆུ་འགྲམ་གཡོ་བའི་ཚེ།།

རྒྱང་རིང་ལྟ་བུ་མི་ཞིག་དྲན་པས་གདུང་།།

དེ་ལ་ཕྱིར་མིག་ལས་ཀྱིས་བཟློག་པ་མེད།།

ད་ནི་སེམས་ཀྱི་ལན་ཆགས་སྤར་གང་འཚོལ།།

ཁྱེད་ནི་ང་ཡི་ལན་ཆགས་སྣམ་བུ་ཞིག།

མེ་ལོང་ངོས་ལ་གཟུགས་བརྙན་འཆར་བ་བཞིན། །

ལྷད་མེད་ངང་ལ་འཛུམ་པ་གཡོ་བར་བྱེད།།

ལས་ཀྱི་གྲིབ་མ་ཚུར་ཚུར་རླུང་གིས་དེད།།

ལས་ཀྱི་དར་སྐུད་སེམས་དང་བརྩེ་བས་བྱིན།།

དྲན་པའི་ཆུ་རིས་དབྱངས་དང་ཚིག་ལ་བསྲེ།།

མི་སེམས་སྣང་བ་སྒྱུ་མའི་ཆོ་འཕྲུལ་བཞིན།།

བར་ཐག་རིང་མོ་འདི་ཡི་སྐྱོད་མཚམས་ནས།།

ཁྱེད་ཉིད་ཕྱིར་དུ་མིག་ཆུ་ཡང་ཡང་བཏང་།།

དུས་ཚོད་འདི་ཡི་ཉིན་ཞག་ཕར་ཕར་ནས།།

ང་ལ་སེམས་བསྐྱེད་དེ་འདྲ་ངལ་བ་བྱིན།།

ནམ་ཟླ་འདི་ཡི་དགུན་གཞུག་རྫོགས་རྗེས་ན།།

ང་ལ་སེམས་ཉིད་དེ་འདྲ་བརྩེ་བས་བྱིན།།

དེ་འདྲ་བསམ་ན་ལས་ཀྱི་བཀོད་ཚུལ་ཡིན།།

མི་ཚེའི་ཉི་ནུབ་ཕར་འགྲོ་ཚུར་ཡོང་རེད།།

ལས་ཀྱི་བཀོད་པ་དཀར་ནག་རི་མོ་རེད།།

ཚེ་རབས་བསྡུས་བརྗོད་བྱེད་སའི་སྙིང་ཉེ་ལ།།

ལས་སྣང་མི་ཡི་བསྡུས་གཟུགས་ཚང་མ་བྲིས།།

འདི་ནི་བག་ཆགས་ཤིག་གི་རྨི་ལམ་ཡིན།།

སོས་ཀའི་གནམ་ངོ་འདྲ་བའི་འགྱུར་ལྡོག་དེ།།

རང་སེམས་མག་མོག་ངོས་སུ་གཡོ་བར་བྱེད།།

ཞེན་ཆགས་ཚིག་གང་བྲིས་པའི་རོལ་རྩེད་འདི།།

རྣམ་རྟོག་མགུར་ལ་བྲིས་པའི་ཚིག་དུམ་རེད།།

མི་ཚེའི་ཚོར་འདུ་དཀྲོལ་བའི་དབྱངས་རྟ་རེད།།


  • ལེ་ཚན་སྔོན་མ།:རྣམ་རྟོག་གི་གླུ།
  • ལེ་ཚན་རྗེས་མ།:སྙན་ངག་ནང་གི་མིག་ཆུ་ཕོར་གང་།