ཨོ་ལོ་སྐར་མ་པ་སངས།

དབྱངས་ཅན་སྐྱབས།        2021-08-26

སྤྲིན་དཀར་རླུང་གིས་དེད་པའི་ཞོལ་ཅིག་ན།།

གཙང་ཆབ་གྱ་གྱུ་རྡོ་གསེབ་བརྒྱུད་ནས་བཞུར།།

རྩི་ལྗོན་སྔོ་ལྗང་འཇོལ་ལེ་མཐའ་ནས་བརྒྱན།།

བརྩེ་བའི་ནོར་འཆང་ཡིད་འཕྲོག་གཞོན་ནུ་མ།།

སུ་ཞིག་དྲན་བཞིན་གདུང་བའི་ཉམས་ཀྱིས་སུ།།

གཡང་དཀར་མཐའ་ནས་དྲན་མགུར་སིང་སིང་འཐེན།།

ནགས་ཁྲོད་ཤིང་དུད་སྔོ་ལོང་དེ་ཡི་ངོགས།།

གླིང་བུ་འབུད་ནས་སྐྱོ་བའི་དབྱིངས་ལ་ཞུགས།།

འཕྲུལ་བའི་དར་སྐུད་འཐེན་པའི་སྲུབས་ཀ་ལས།།

འོད་ཀྱི་འཇའ་ཚོན་འབུམ་ཕྲག་གཡོ་བར་བྱེད།།

མཐོང་སྣེ་མི་གཅིག་དུ་མའི་ཚུལ་གྱིས་འཆར།།

རྐྱང་ཆུང་ག་ཞུར་གཤར་བའི་སྒང་སྐེད་ན།།

ཉི་མ་ཕར་ཕར་འབྱོན་པའི་ནུབ་ཅིག་ན།།

ཨོ་ལོ་མི་འདོད་ལས་བསྐོས་ཐོད་དུ་བསུ།།

གྱེས་གདུང་སྨྲེང་བ་ཁུར་བའི་ཤེའུ་བཞིན།།

བརྩེ་ལྡན་མ་ལགས་དྲན་ནས་སྐྱོའམ་ཀྱེ།།

མིག་ཆུ་རྡོག་པོ་ཆུ་བཞིན་གྲང་ཙ་ན།།

སེམས་གཅོང་ཁ་བ་ལྷབ་ལྷུབ་འབབ་ཙ་ན།།

སྐྱིད་སྡུག་སྐྱེ་འཆིའི་ངང་ཚུལ་ག་འདྲ་རེད།།

སེམས་ཉིད་ལུང་སྟོང་ཡུ་མོ་ཁེར་འགྲོས་བཞིན།།

ཁེར་རྐྱང་བློ་ཡི་འཆར་ཕྱོགས་སུ་ལ་གཏོད།།

ཀློང་ཆེན་སྒྱུ་མའི་རྒྱུ་སྐར་བྱེ་བའི་ཁྲོད།།

རང་ཡང་རླུང་གིས་བཏེགས་པའི་སྐར་ཕྲན་ཞིག།

སྤྲུལ་ཏེ་རྨི་ལམ་རིང་མོའི་སྒོ་དྲུང་ནས།།

ཁྱོད་རང་དགོད་འཛུམ་དང་བཅས་མཐོང་བ་ལ།།

དེ་ཚེ་རབ་འབྱམས་སྙན་ཚིག་ཕྲག་བརྒྱ་ཡི།།

འཕྲུལ་བའི་ཆུ་འཛིན་ལང་ལོང་ལྡིང་བར་བྱེད།།



  • ལེ་ཚན་སྔོན་མ།:འཆི་མེད་ལྷ་ཡི་བུ་མོ།
  • ལེ་ཚན་རྗེས་མ།:སྙིང་ཉེ།