ཁྱོད་གང་ན་ཡོད།

ཐོར་བུ།        2021-08-23

ང་ཕ་ཡུལ་དུ་ཐོན་དུས།

ཁྱོད་གང་ན་ཡོད་སྙམ་ནས།

དུས་ཚོད་ཅུང་ཙམ་འདས།

སུ་ཡི་ཁང་ཁྱིམ་མ་ཡིན་པའི་སེམས་པ་འདི།

ཁྱོད་དང་ཉེ་བོ་ཡོད་པས།

ངས། ཁྱོད་རང་བརྗེད་མི་སྲིད།

མཚན་མོ་འདིར་ཨང་།

ང་རང་ཕ་ཡུལ་དུ་ཐོན་པའི་མཚན་མོ་འདིར།

ཕ་ཡུལ་ནས་ཁྱོད་རང་དྲན་པ་ཐེངས་དང་པོ་མིན་ལ།

ཐེངས་རྗེས་མ་དེ་བས་ཀྱང་མིན།

ངའི་ཡོད་ཚད་གསང་རྒྱ་བྱེད་ཆེད།

གནམ་སྔོན་པོར་མཆིལ་ཞགས་འཐེན་མྱོང་།

ངའི་གཏམ་རྒྱུད་སྦས་སྐུང་བྱེད་ཆེད།

ཐད་ཀར་དུ་གྲོགས་པོར་རྫུན་གཏམ་ལབ་མྱོང་།

དོ་ནུབ་ཀྱང་ཡོད་ཚད་གསང་བ་བྱེད་སྲིད།

སྙན་ངག་དུམ་བུ་དེའི་ནང་དུ།

རྐང་བ་གས་པའི་མེ་ཏོག་ཡོད།

སྙན་ངག་ཐུང་ངུ་དེའི་ནང་དུའང་།

མཆོད་རྟེན་ངོགས་ཀྱི་མེ་ལོང་ཡོད།

ཐ་སྙད་དེ་དག་ཁྱོད་མཚོན་བྱེད་ཡིན་པས།

ངས། ནམ་ཡང་ཐ་སྙད་དེ་དག།

རེ་རེ་མིག་འབྲས་བཞིན་སྙིང་ནས་གཅེས།

ཁྱོད་རང་གང་ན་ཡོད་བསམ་དུས།

ངས། ང་རང་ཉིད་གང་ན་ཡོད་པ་བོར་ཟིན།



  • ལེ་ཚན་སྔོན་མ།:འཇའ་ཞིག་མིན་ན་བསམ་བྱུང་།
  • ལེ་ཚན་རྗེས་མ།:མཚན་གུང་ལ།