འགྲིམ་འགྲུལ་འཕེལ་རྒྱས་སོང་ནས་མང་ཚོགས་ཀྱི་གདོང་ལ་འཛུམ་མདངས་བཞད།

ཀུན་དགས་བསྒྱུར།        2021-08-23

འགྲིམ་འགྲུལ་འཕེལ་རྒྱས་སོང་ནས་མང་ཚོགས་ཀྱི་གདོང་ལ་འཛུམ་མདངས་བཞད།

ཉེ་བའི་ལོ་ཤས་རིང་།དཔལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མཐོང་ཆེན་བླ་ན་མེད་པ་བྱས་པ་དང་ཆབས་ཅིག། མངའ་ཁོངས་སུ་གཏེར་རིའི་ཁེ་ལས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྔ་རྗེས་སུ་སྒོར་ཁྲི2683བཏང་ནས་མཉམ་སྐྱིད་ཡུལ་ཤོག་ཁྲོམ་སྨད་གྲོང་སྡེ་དང་རྟ་ཁོག་གྲོང་སྡེ། མཉམ་སྐྱིད་གྲོང་སྡེ་སོགས་སུ་སྤྱི་ལེ35.57གྱི་ཡུལ་སྡེ་གཞུང་ལམ་བསྐྲུན་ཡོད།

མཉམ་སྐྱིད་ཡུལ་ཤོག་ནི་དཔལ་ཡུལ་རྫོང་གྲོང་ཁུལ་དང་ཆེས་རྒྱང་ཐག་རིང་བའི་མཐའ་འཁོབ་ཀྱི་ཡུལ་ཤོག་གི་ཡ་གྱལ་ཞིག་ཡིན་པ་རེད། སྔོན་ཆད་ཨ་ཚབ་གྲོང་རྡལ་དང་མཉམ་སྐྱིད་ཡུལ་ཤོག་བར་སྦྲེལ་མཐུད་བྱས་པའི་ལམ་ནི་ལམ་འཕྲང་ཆེས་ཐབས་ཆག་ཅིག་ཡིན་ཞིང་། ལམ་བུ་དེར་དགུན་དུས་ཐལ་རྡུལ་གྱིས་ཁེངས་ཤིང་དབྱར་དུས་འདམ་པས་ཁེངས་པའི་གནས་ཚུལ་ལྡན།

ཕྱུག་པོར་འགྱུར་དགོས་ན་སྔོན་ལ་ལམ་བཟོ་དགོས། ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་དང་ཞིང་ཆེན།ཁུལ།རྫོང་བཅས་ཀྱི་དམངས་ཕན་སྲིད་ཇུས་ཀྱི་རོགས་སྐྱོར་དང་།ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་འོག་མཉམ་སྐྱིད་ཡུལ་ཤོག་ཏུ་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།རྟ་དྲེལ་ལ་བརྟེན་ནས་སྐྱེལ་འདྲེན་བྱེད་པའི་གནས་ཚུལ་སྡུག་མོ་དེ་ད་ཆ་ལམ་བསྐྲུན་རྗེས་གང་དུ་བསྐྱོད་ཀྱང་སྟབས་བདེ་རུ་ཕྱིན་ཡོད་ཅེས་ལས་འཁྱུར་ངལ་གསོའི་ལས་བྱེད་པ་ཨན་ཅང་གིས་དགའ་སྤྲོའི་ངང་སྨྱུག་འཛིན་པར་དེ་ལྟར་བཤད།

ཐོན་ལས་དར་རྒྱས་གཏོང་རྒྱུ་དང་འགྲིམ་འགྲུལ་སྔོན་ལ་དར་སྤེལ་གཏང་དགོས། གྲོང་སྡེའི་གཞུང་ལམ་གྲོང་སྡེ་ཀུན་ཁྱབ་པར་སྐུལ་འདེད་གཏང་རྒྱུ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་རྒྱུར་ཞབས་འདེགས་ཞུ་བ་དང་།ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ།མང་ཚོགས་ཀྱི་ཐོབ་སྣང་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་ཇེ་དྲག་ཏུ་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འགར་དཔལ་ཡུལ་རྫོང་གིས་གྲོང་སྡེའི་གཞུང་ལམ་རྒྱ་སྐྱེད་དང་འགག་ལམ་གཤོང་བའི་བྱེད་ཐབས་སྤྱད་པ་བརྒྱུད། གཞུང་ལམ་འགྲིམ་འགྲུལ་དྲ་བ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་སྟེ་གྲོང་སྡེའི་གཞུང་ལམ་འཁོར་རྒྱུག་དང་ཕྱི་ནང་འབྲེལ་མཐུད། གྲོང་སྡེར་ཤར་གཏོང་ཐུབ་པའི་གྲོང་སྡེའི་གཞུང་ལམ་དྲ་བའི་མ་ལག་བཙུགས་ཡོད། གཞུང་ལམ་བསྐྲུན་རྗེས་གྲོང་སྡེའི་ཐག་རིང་ལུང་ཁུག་ལ་ཡོད་པའི་གཏེར་ཁ་དང་ནུས་རྒྱུ།ཡུལ་སྐོར་སོགས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་གྱུར་ཡོད།

ལོ་རེའི་ཟླ་བདུན་པ་དང་བརྒྱད་པ་ནི་གླ་བ་ཤ་མོ་ཐོན་འབབ་ཆེ་བའི་དུས་ཚིགས་ཡིན་ཞིང་།མཉམ་སྐྱིད་ཡུལ་ཤོག་ཏུ་ཐོན་པའི་གླ་བ་ཤོ་མོ་ནི་ཆེན་པོ་ཡིན་པར་མ་ཟད་བྲོ་བ་ཞིམ་པས་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད། མཉམ་སྐྱིད་གྲོང་སྡེའི་ཡུལ་མི་བློ་བཟང་སྨོན་གྲགས་ཀྱིས་ཀྱང་འབབ་འཕར་ཕྱུག་འགྱུར་གྱི་བྱེད་ཐབས་རྙེད་ཡོད། ཁོས་ངས་ཉིན་ལྟར་ཕྱི་དྲོ་གྲོང་སྡེ་རུ་གླ་བ་ཤ་མོ་ཉོས་ནས་དཀར་མཛེས་དང་དཔལ་ཡུལ་རྫོང་གི་གྲོང་ཁུལ་དུ་འཚོང་བཞིན་ཡོད།འདི་ནས་དཀར་མཛེས་བར་ཆུ་ཚོད་གཅིག་དང་ཕྱེད་ཀ་ལས་འགོར་གྱི་མེད།དཔལ་ཡུལ་རྫོང་གྲོང་ཁུལ་དུ་ཆུ་ཚོད་གཉིས་ཙམ་ལ་འགྲོ་དགོས་ཀྱི་ཡོད།ད་ཆ་འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པས་གང་དུ་བསྐྱོད་ཀྱང་ཧ་ཅང་སྟབས་བདེ་པོ་འདུག། ངས་ཉིན་ལྟར་ཤ་མོ་བཙོངས་ནས་ཁེ་བཟང་སྒོར་གཉིས་བརྒྱ་གསུམ་བརྒྱ་ཙམ་རག་བཞིན་ཡོད་ཅེས་བཤད།

ཁྲོམ་སྨད་གྲོང་སྡེ་ནི་མཉམ་སྐྱིད་ཡུལ་ཤོག་ཁོངས་གཏོགས་ཀྱི་ཆེས་ཐག་རིང་ལུང་ཁུག་གི་གྲོང་སྡེ་ཞིག་ཡིན་ཞིང་། དེ་སྔ་གྲོང་སྡེ་དེར་ལམ་དང་གློག། ཆུ་བཅས་མེད་པས་འཚོ་བའི་ཐད་དཀའ་ཁག་ཧང་ཆེ། གྲོང་སྡེ་དེ་ཡུལ་ཤོག་སྲིད་གཞུང་དང་སྤྱི་ལེ་བཅུ་ཕྲག་ཁ་ཤས་རྒྱང་བའི་རི་མཐོ་གྲོག་རོང་བརྒལ་དགོས་ཀྱི་ཡོད་པས་ཉིན་ཕྱེད་ཙམ་ལ་འགྲོ་ན་མ་གཏོགས་བསླེབས་ཐུབ་ཀྱི་མེད།

ད་ལོ་ལོ་ན72ལ་སོན་པའི་མི་རྒན་ཚོགས་དགའ་ནི་ཆུང་དུས་ནས་ཁྲོམ་སྨད་གྲོང་སྡེ་ནས་འཚར་ལོངས་བྱུང་ཞིང་། ད་སྔ་གྲོང་སྡེ་ནས་འགྲོ་འོང་བྱེད་སྐབས་འགྲིམ་འགྲུལ་མི་བདེ་བས་རྟ་བཞོན་ནས་འགྲོ་དགོས་པས་འབར་ཆུང་ཡུལ་ཤོག་ནས་ཁྲོམ་སྨད་གྲོང་སྡེ་བར་ཉིན་གཉིས་རིང་འགྲོ་དགོས་ཤིང་། སྐྱེལ་འདྲེན་ཐད་དཀའ་ཁག་ཧ་ཅང་ཆེ། དེང་སང་རྒྱལ་ཁབ་སྲིད་ཇུས་བཟང་པོའི་འོག་ཏུ་འགྲིམ་འགྲུལ་ཐད་འཕོ་འགྱུར་ཆེན་པོ་བྱུང་སོང་། ད་ཆ་འགྲིམ་འགྲུལ་བདེ་བས་ཉིན་ལྟར་གྲོང་སྡེར་སྔོན་ཚལ་ཚོང་མཁན་ཡོད་པར་མ་ཟད་དུད་ཚང་ཚང་མར་འཕྲུལ་རྟ་ཡོད་པ་དང་གྲོང་མི་ཁ་ཤས་ད་དུང་རླངས་འཁོར་ཆུང་རིགས་ཀྱང་ཡོད་པས་འཚོ་བ་དབྱར་མཚོ་རྒྱས་པ་ལྟར་ཇེ་ཡག་ནས་ཇེ་ཡག་ཏུ་འགྲོ་གི་འདུག་ཅེས་བཤད།

འགྲིམ་འགྲུལ་ཤར་གཏོང་ཐུབ་པ་དེས་ཕྱོགས་གཅིག་ནས་དཔལ་འབྱོར་འཕེལ་རྒྱས་བཏང་བ་དང་། ཕྱོགས་གཞན་ཞིག་ནས་ས་གནས་དེ་གའི་སློབ་གསོ་འཕེལ་རྒྱས་བཏང་ཡོད།ཁྲོམ་སྨད་གྲོང་སྡེའི་ཡུལ་མི་པདྨ་ཆོས་མཚོས་ང་ཚོའི་ཁྱིམ་དུ་བུ་ཕྲུ་གསུམ་ཡོད།བུ་ཕྲུ་གཉིས་དཔལ་ཡུལ་རྫོང་ཆ་ཚང་སློབ་ཆུང་གཉིས་པར་སློབ་སྦྱོང་བྱེད་ཀྱི་ཡོད།བུ་ཕྲུ་གཅིག་ཨ་ཚབ་གྲོང་རྡལ་དུ་སློབ་སྦྱོང་བྱེད་ཀྱི་ཡོད།ལམ་བསྐྲུན་རྗེས་ཕྲུ་གུ་སློབ་གྲྭར་བསྐྱོད་རྒྱུར་སྟབས་བདེ་བྱུང་བར་མ་ཟད་སློབ་གསོ་ཡག་པོ་དང་ལེན་བྱེད་ཐུབ་པས་སེམས་ཧ་ཅང་དགའ་པོ་བྱུང་ཞེས་བཤད།

རྒྱལ་སྲུང་གཞུང་ལམ210པ་དང་ཞིང་ཆེན་རིམ་པའི་གཞུང་ལམ458བསྐྲུན་པ་དང་བསྟུན་ནས་ཡུལ་སྡེ་གཞུང་ལམ་དང་དུད་སྦྲེལ་གཞུང་ལམ་ཤར་གཏོང་ཐུབ་པ་དེས་མང་ཚོགས་ཀྱི་འགྲིམ་འགྲུལ་འཚོ་བའི་ཐད་སྟབས་བདེ་བསྐྲུན་ཡོད་ཅིང་།གཞུང་ལམ་བརྒྱུད་ཡུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཁག་དང་དེ་བཞིན་ཉེ་འཁོར་ས་ཁུལ་དུ་ཞིང་པའི་སྤྲོ་སྐྱིད་ཁང་དང་སྡོད་ཁང།མགྲོན་ཁང་།ཟ་ཁང་སོགས་ཆར་རྗེས་ཀྱི་ཤ་མོང་རྒྱས་པ་ལྟར་བསྐྲུན་ནས་འབབ་འཕར་ཀྱི་ཐབས་ལམ་ཡག་པོ་རྙེད་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:སྡེ་རོང་རྫོང་གིས་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁ་ཡོངས་ཁྱབ་ཞིབ་བཤེར་གྱི་ཆེད་དོན་གསོ་སྦྱོང་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།