མཚན་གུང་ལ།

འབྲོག་རླུང་ནག །        2021-08-23

དོ་ནུབ་ཡང་ཁང་ཆུང་གྲུ་བཞི་ཞིག་གི་ནང་དུ།

ཁྱོད་ཀྱི་མིང་བྲིས་པའི་སྒེར་ཁུང་ཧྲལ་བོ་དེའི་ཁ་ནས།

མཚན་གྱི་སྐར་ཚོགས་ལ་ཅེར་ནས།

ཐག་རིང་ཞིག་ན་ཁ་གྱེས་པའི་ཁྱོད་དྲན་གྱིན་ཡོད།

དུས་ཚོད་ཀྱི་ཁ་ཞགས་ན་འདྲེས་པའི།

འུ་གཉིས་ལ་དབང་བའི་ལོ་ཟླ་དེ་དག་ལ་ཕྱིར་འདང་རྒྱག་གིན།

མ་འོངས་པའི་འུ་གཉིས་ཀྱི་འཚོ་བ་ལ་བསམ་བློ་བཏང་།

ཁྱོད་ནི་ངའི་སྙིང་གི་ལྟེ་བ་ཡིན་ལ་སེམས་ཀྱི་སྲོག་ཡིན།

ཁྱོད་ཀྱི་བདེ་སྐྱིད་ཀྱི་དོན་དུ།

ངས་ཁྱོད་ལ་བརྩེ་དུང་གི་ཐ་སྙད་བགྲང་བ་ཙམ་མིན་ལ།

སྔ་འདང་ཕྱི་འདང་ཡོད་པའི་སྙིང་ཉེ་བའི་ཚིག་ཙམ་ཡང་མིན།

ཁྱོད་ལ་ཕན་ཐོགས་པའི་བྱ་བ་གང་རེ་རེ་སྒྲུབ་པ་དེ་ཡིན།

སེམས་ཀྱི་དྲོད་ཁོད་དུ་ཁྱོད་རུམ་པ་ནས་བཟུང་།

ངས་ཁྱོད་ཀྱི་མ་འོངས་ལ་བདེ་སྡུག་གི་ཁུར་བོ་འཁུར་ན་འདོད།

མི་ཚེ་ཐུང་ཐུང་དང་གོ་སྐབས་ཁག་པོ་རེད།

བསིལ་གྲིབ་དུ་མ་སོང་བའི་ཚ་ཟེར་དེ་བཞིན།

གདུང་བ་གང་འདྲ་ཡོད་ཀྱང་།

དཀའ་བ་ཁྱད་བསད་དང་གོ་སྐབས་དམ་འཛིན་ནི།

ལས་དབང་ཞིག་ཏུ་གྱུར།

དངོས་ནས་འབྲོག་སྐྱ་བོའི་སེ་ལེན་དང་གློའུ་མོ་ཟེར་བ་ལྟ་བུའི།

ཡིད་དབང་སེམས་འཕྲོག་གི་གཏམ་རྒྱུད་གང་ཡང་མེད་རུང་།

གང་ལྟར་ངས་ཁྱོད་ལ་བཅིངས་བ་ནི་བརྩེ་དུང་ཤ་སྟག་ཡིན།

ཁྱོད་ཀྱི་འཛུམ་བག་དང་ངའི་བློ་ལ་བབས་པའི་བགས་ཆགས།

དྲན་གདུང་ཁུག་ན་བསྙལ་བའི་སེམས་གསོན་པོ་དེའོ།།


  • ལེ་ཚན་སྔོན་མ།:ཁྱོད་གང་ན་ཡོད།
  • ལེ་ཚན་རྗེས་མ།:རོང་ཁུལ་ལམ་མདོའི་རེག་ཟིག།