རོང་ཁུལ་ལམ་མདོའི་རེག་ཟིག།

ལུག་རྫི།        2021-08-23

མ་བོས་འགྲུལ་བ་ངང་གིས་འདུ་ས། །

མ་བརྩེགས་ལྷུན་སྡུག་བྲག་རིའི་འདབས་ཀྱི། །

ཁྱེའུ་ཟས་བྲིན་ཁ་དཔེ་མེད་རྒྱུག་པའི། །

བུ་མོ་རྒྱགས་པའི་ཚོང་ཁང་སྦུག་ནས། །

སྦི་བྲོའི་བཏུང་བ་དེམ་གང་ཉོས་པ། །

ཉི་ཁུག་འཐུང་ཞིང་ཁ་པར་འཕུར་དུས། །

འདུར་མ་རྒྱུག་གི་ཤིང་རྟ་འཁོར་ལོ། །

གཟུགས་འཛིན་དཔལ་དུ་མཛེས་པར་སྣང་རུང་། །

འཁོར་རྗེས་མང་བའི་ལམ་ཆུང་འདི་ནས། །

རྨིག་རྗེས་མ་མཐོང་ལོ་འགའ་ཐལ་བས། །

འདང་རྒྱག་ནང་དུ་མི་རྐྱང་ལྷུང་དང་། །

ཆབས་ཅིག་སྐར་མའི་འཁོར་གཡོག་དང་བཅས། །

འོད་དཀར་ཅན་གྲངས་དུས་ཚོད་བཏང་རྗེས། །

སྦག་སྦག་གཞོན་པའི་སྐྱེས་པ་མི་གསུམ། །

ཨ་ཆུ་ལག་པ་འཁྱགས་སོང་ཞེས་ནས། །

སྒོ་རྩའི་གྱང་གར་ཅུང་ཙམ་བསྙེས་ཏེ། །

ཡ་གིའི་གནམ་ལ་ལེ་བདའ་གཅིག་བྱས། །

ནང་གི་ཞབས་ཞུ་ཕྱི་ལོགས་སྐད་བཏང་། །

ལྦུ་ཆང་སྟབས་ཐུག་ཁྱེར་ཤོག་ལབ་འཕྲལ། །

འཛུམ་གྱིས་བཀྲུས་པའི་ཚོང་བའི་ཟླ་ཞལ། །

དགའ་བའི་རྣམ་འགྱུར་མངོན་པར་གསལ་ཞིང་། །

ཕྱག་སོར་ཡལ་གས་དམ་བི་བཟུང་སྟེ། །

དགོད་ཁ་སློང་ཞིང་ཐང་ལ་བཏིང་བའི། །

སྒོར་གདན་མཐའ་ན་སྐྱིལ་ཀྲུང་བཅས་པའི། །

འགྲོན་པོའི་ཚོགས་ལ་ཞལ་གང་བཀྱགས་ཏེ། །

སྟབས་ཐུག་བངས་ཏོ་ཕྱག་གིས་གསོལ་བས། །

ཤོ་པ་རྣམ་པ་མཉེས་པོ་བྱུང་བཞག །

དེང་གི་ཞིང་བ་སྐུ་བསོད་ཆེ་ཨང་། །

ལས་དུས་རྔུལ་ཆུ་སེར་སྣ་མེད་པར། །

ན་སོང་བསམས་པའི་དཀའ་ལས་བརྒྱབ་ན། །

དུས་བཞིའི་བྱེ་བྲག་སྟོན་དཔྱིད་མ་གཏོགས། །

ཇ་ཆང་པད་མའི་འཁོར་གཡོག་དང་བཅས། །

ཞལ་ཟས་རོ་བརྒྱའི་བཅུད་ལ་རོལ་ནས། །

ཐུང་ཐུང་མི་ཚེ་སྐྱིད་མདོག་ཁ་མོ། །



  • ལེ་ཚན་སྔོན་མ།:མཚན་གུང་ལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།