འཇའ་ཞིག་མིན་ན་བསམ་བྱུང་།

གཞི་ཚང་ཟླ་བ་གྲགས་པ།        2021-08-20

ཉི་འོད་ཟུར་ཙམ་གསལ་བའི་བར་སྐབས་ཤིག་ལ།།

མ་སྒྲིབ་རྣལ་གྱིས་མཐོང་བའི་ལུས་ངག་དཀར་པོས།།

སྒོ་ལྔ་གཉིད་ཀྱིས་རུག་པའི་ངང་ཚུལ་ཇི་བཞིན།།

ཕྱི་རོལ་འདོད་ཡོན་མ་འཕྲོས་ཁྱོད་ཀྱིས་བཅུན་སོང་།།

རྒྱོབ་སོད་འུར་གྱིས་རྣ་དབང་གཟན་པ་མེད་ལ།།

མདའ་མདུང་རལ་གྲིའི་སོ་ཁའི་གཤག་གཏུབ་མེད་ཀྱང་།།

རི་ཟོམ་གབ་སྦས་གནང་བའི་ཁེར་རྐྱང་དཔའ་བོར།།

དྲག་རླུང་རྩུབ་མོ་ཞིག་གིས་འཇབ་རྒོལ་ཐེབས་འདུག།

ཕམ་ཁའི་ཁུར་བོ་ཁུར་ཡང་བྲོས་ས་མེད་པ།།

གཟེབ་ནང་བྱེའུ་ཆུང་ལྟར་གྱི་གཞན་དབང་ཡིན་པས།།

རྣམ་འགྱུར་རྫུན་མ་ཞིག་གི་ཚུགས་ཀ་མི་སྟོན།།

བག་མེད་གཏམ་གླེང་བྱེད་པར་རྨང་ནས་ཞེད་པ།།

གོམས་ལོབས་འཚོ་བའི་འགྲོ་སྟངས་རང་རྐྱ་མི་ཐུབ།།

བཞད་གད་སྐྱེངས་པའི་ཁྲོན་དུ་ལྷུང་ལ་སྐྱེན་པ།།

དབང་མེད་ལྐོག་ནས་ཤོར་བའི་ཡིད་ཀྱི་མཚན་མ།།

སྒོར་སྒོར་སྤྱན་གྱིས་མཐོང་དུས་སེམས་འགྱུ་མྱུར་རམ།།

བྱ་མེད་གཏམ་མེད་ལམ་སྟེགས་ངལ་གསོ་གནང་དུས།།

རྔུལ་ཆུ་དཔྲལ་ནས་དཀུ་ཞིང་དབུགས་རྒོད་འབྱིན་པ།།

གཟུགས་མེད་སེམས་པ་མཐོང་བའི་དབང་པོ་ལྡན་ན།།

བདག་གི་བྱང་ཁོག་སྟོད་ཀྱི་མེ་ཏོག་སུ་རེད།།

ཤ་དང་རུས་པའི་གསེང་ན་དུངས་བ་ཡོད་ཀྱང་།།

དྲུག་པོ་བཏང་སྙོམས་མི་བཞག་དཔའ་གདེངས་མེད་པས།།

ཟླ་བ་འོད་ཀྱིས་འཚེར་ཡང་ས་གཞིའི་པད་མོ།།

སྐབས་ཀྱིས་ཟིམ་པར་མི་བྱ་བློ་ཇུས་ཅི་ཞིག།

གོམ་པའི་འདེགས་འཇོག་བར་ན་བྲེལ་བྲེལ་རྟབ་རྟབ།།

སྐད་དང་ལག་མཐིལ་དེ་ཡང་ལྐོག་ལྐོག་སུབ་སུབ།།

ཁྱོད་ཀྱི་ལུས་ངག་ཡིད་ཀྱི་རྣམ་འགྱུར་གསུམ་པས།།

རྣམ་རྟོག་དགུ་རྩེག་ཅན་གྱི་མཁར་ཞིག་བསྐྲུན་བྱུང་།།

བདག་གི་གནས་ཡུལ་འགྲིམ་པར་ཐུགས་བསྐྱེད་ཨེ་ཡོད།།

ཞལ་ཆད་མེད་པར་འཕྲད་འདི་སྟེས་དབང་ཡིན་ནམ།།

ཚེ་རབས་བསོད་ནམས་བསགས་པའི་ལས་འཕྲོ་ལྷག་རེད།།

འདི་ཞེས་དོན་ཐག་མ་ཆོད་ཡིད་གཉིས་འཐབ་པ།།

ཤུལ་རྗེས་སྨུག་པས་བཟུང་བའི་དུས་ཚོད་བརྒྱ་སྟོང་།།

མཐའ་གཉིས་མུན་པའི་གྲོང་དུ་སྡོད་པ་མ་གཏོགས།།

མངོན་སུམ་ངེས་ཤེས་འདྲེན་པའི་རིག་པ་སྣུམ་པོ།།

མི་ཡུལ་ཚད་མས་མ་གྲུབ་ད་དུང་ལྷག་ཡོད།།

སྨྲེང་སྐྱོ་སྟུག་པོའི་མཚམས་ནས་ཀི་རིང་མ་བཏབ།།

རི་སུལ་སྒོམ་པོ་དག་གི་ཏིང་འཛིན་དཀྲོག་འགྲོ།།

ལྷགས་རླུང་མངལ་ལས་སྦྲུམ་པའི་ཁ་བའི་སེམས་པར།།

མེ་དྲོད་ར་མདའ་ཡོད་ན་དུས་ཚོད་མ་བཤོལ།།

ཤུགས་འབྱུང་ཡིད་གཞོང་སྐྱེས་པའི་སེམས་ཀྱི་མེ་ཏོག།

ཚེགས་པའི་རྔུལ་ཆུ་ཙམ་ལས་ཡང་སྙིང་སྟོང་པ།།

རྟོལ་མེད་བྱིས་པའི་མིག་གིས་མཛེས་མོར་མཐོང་བའི།།

འཛིན་ཞིང་སྤྱོད་སྐལ་མེད་པའི་འཇའ་ཞིག་མིན་ན།།



  • ལེ་ཚན་སྔོན་མ།:དབྱངས་ཅན་མའི་བསྟོད་པ་ངག་རིག་མེ་ཏོག་དོ་ཤལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།