ཐབས་ལ་མཁས་པའི་སྤྱོད་པ་ཡིས།།གནས་སྤོ་དབུལ་སྐྱོར་ལས་དོན་སྤེལ།།

བདེ་ཆེན་དབང་མོས་བསྒྱུར།        2021-08-20

ཞིང་ཆེན་ཡོངས་ཀྱི་གནས་སྤོ་དབུལ་སྐྱོར་གྱི་སྔོན་ཐོན་མི་སྒེར་ཝང་ཞའོ་ཅན་གྱི་གནས་ཚུལ་རགས་བཀོད།

ཐབས་ལ་མཁས་པའི་སྤྱོད་པ་ཡིས།།གནས་སྤོ་དབུལ་སྐྱོར་ལས་དོན་སྤེལ།།

ཝང་ཞའོ་ཅན་གྱིས་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་ལས་དོན་སྒྲུབ་མཁན་ལ་སེམས་ཁུར་བྱེད་བཞིན་པའི་ཚུལ།

ཝང་ཞའོ་ཅན། སེར་ཤུལ་རྫོང་ཡུལ་སྡེ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡིན་ཞིང་། གནས་སྤོ་དབུལ་སྐྱོར་གྱི་ལས་དོན་བསྒྲུབས་ནས་ལོ10སོང་ཡོད། 2017ལོར་སེར་ཤུལ་རྫོང་གི་གུང་ཁྲན་ཏང་ཡོན་ཕུལ་བྱུང་གི་མཚན་སྙན་ཐོབ་པ་དང་། 2019ལོར་དཀར་མཛེས་ཁུལ་གྱི་ངལ་རྩོལ་དཔེ་བཟང་གི་མཚན་སྙན་ཐོབ། 2020ལོར་ཞིང་ཆེན་ཡོངས་ཀྱི་གནས་སྤོ་དབུལ་སྐྱོར་གྱི་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཐོབ། 2021ལོར་དཀར་མཛེས་ཁུལ་གྱི་གུང་ཁྲན་ཏང་ཡོན་ཕུལ་བྱུང་གི་མཚན་སྙན་ཐོབ་ཡོད།

དབུལ་ཕོངས་གནས་ལས་ཐར་བའི་ བདེ་སྐྱིད་ཀྱི་འཚོ་བ་གསར་པ།

2009ལོར་མི་དམངས་ཀྱི་དགེ་རྒན་ནས་གཞུང་ཞབས་པར་རྒྱུགས་འཕྲོད་པའི་ཉིན་དང་པོ་ནས་བཟུང་། ཝང་ཞའོ་ཅན་གྱི་ཚེ་སྲོག་ཁྲོད་དུ་གནས་སྤོ་དབུལ་སྐྱོར་ཞེས་པའི་ཐ་སྙད་དེ་རྡོ་ལ་རི་མོ་བརྐོས་པ་བཞིན་བསུབ་ཐབས་མེད་པར་གྱུར། དེ་ནས་བཟུང་ཁོང་ལ་མིང་ཡ་མ་ཟུང་དུ་མ་ཞིག་ཀྱང་ཐོབ་ཡོད་དེ། གྲོགས་པོ་ཚོས་ཁོང་ལ་སྨྱོན་པ་ཞེས་འབོད་ཀྱི་ཡོད་ལ། གནས་སྤོ་དུད་ཚང་གི་མི་རྣམས་ཀྱིས་ཁོང་ལ་བུ་ལོ་ལོ་ཞེས་འབོད་ཀྱི་ཡོད།

མིང་དེ་ལྟར་འབོད་པ་ཡང་དོན་ལ་གནས་པ་ཞིག་ཡིན་ལེ་རེད། སེར་ཤུལ་རྫོང་གི་ཡུལ་ཤོག་དང་གྲོང་རྡལ22ཀྱི་སྲིད་འཛིན་གྲོང་སྡེ164གི་དུད་ཚང3429ཡི་མི12099བཅས་ཚང་མ་གནས་སྤོ་བྱས་ནས་དབུལ་ཕོངས་ལས་ཐར་ཡོད། ལོ10ཡི་རིང་ལ་སེར་ཤུལ་རྫོང་གིས་གནས་སྤོ་དབུལ་སྐྱོར་ལས་ཐོབ་པའི་གྲུབ་འབྲས་བཟང་པོའི་ཁྲོད་དུ་ཝང་ཞའོ་ཅན་གྱིས་ལྷག་བསམ་རྣམ་པར་དག་པས་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད།

སྐབས་དེ་དུས་དོན་ལས་སྡེ་ཚན་ནས་སྲིད་གཞུང་སྡེ་ཚན་དུ་ཞུགས་མ་ཐག་ཁོང་མི10ལས་མེད་པའི་རྫོང་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་དུ་ལས་དོན་བཀོད་སྒྲིག་བྱས་ཤིང་། རྫོང་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་འགན་འཁྲི་དང་ལེན་བྱ་དགོས་པར་ཐུག། སྡེ་ཚན་གསར་པ་དང་མི་སྣ་གསར་པ། ལས་འགན་གསར་པ་དང་འཕྲད་ཚེ་གནོན་ཤུགས་ཆེ་བ་དང་བསྟུན་ནས་ཁོང་ལ་ཐམས་ཅད་ལ་མི་སྐྲག་པའི་ལས་སྒྲུབ་སྙིང་སྟོབས་ཀྱང་སྐྱེས། ཁོང་གིས་སྲིད་ཇུས་ཀྱི་སྙིང་དོན་ཁོང་དུ་ཆུད་པ་དང་། བྱེད་ཕྱོགས་དང་སྲིད་ཇུས་ཁོང་དུ་ཆུད་པ། དབུལ་ཕོངས་མི་འབོར་གྱི་གནས་ཚུལ་རྒྱུས་ལོན་བྱེད་པ། འགག་སྒྲོལ་གྱི་བླང་བྱ་ལག་བསྟར་བྱེད་པ་བཅས་ལ་མཐའ་གཅིག་ཏུ་བརྩོན་པ་མི་དོར་ཞིང་། གཞུང་སྒྲུབ་མདུན་ཅོག་གི་འཐེན་གཞོང་ནང་དུ་སྨྱུག་སྙིང་སྟོང་པས་ཁེངས་ཡོད་ལ། ཟུར་དུ་ཡོད་པའི་ལྕགས་སྒྲོམ་ནང་དུ་ཟིན་ཐོས་བྱུར་བུ་གཏམས་ཡོད། ཡིག་འབྲུ་ཁྲི30ལྷག་ཙམ་ལ་ཟིན་པའི་དབུལ་སྐྱོར་ཉིན་ཐོའི་ནང་དུ་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཚང་སྟོང་ལྷག་ཙམ་གྱི་ཁྱིམ་ཚང་གི་གནས་ཚུལ་དང་མི་སྣའི་གྲུབ་ཆ། དཔལ་འབྱོར་ཡོང་འབབ། དབུལ་པོར་འགྱུར་རྐྱེན། རོགས་སྐྱོར་བྱ་ཐབས་བཅས་བཀོད་ཡོད་པ་རེད།

ཐབས་ལ་མཁས་པའི་སྤྱོད་པ་ཡིས།།གནས་སྤོ་དབུལ་སྐྱོར་ལས་དོན་སྤེལ།།

ཝང་ཞའོ་ཅན་གྱིས་མང་ཚོགས་དང་བསམ་བློ་བརྗེ་རེས་བྱེད་བཞིན་པའི་ཚུལ།

ཉིན་མོར་དབུལ་ཕོངས་ཁྱིམ་ཚང་གི་གནས་ཚུལ་མཐིལ་རྟོགས་བརྟག་དཔྱད་བྱེད་སར་བསྐྱོད་པ་དང་། མཚན་མོར་དུད་ཚང་ལ་གཞིགས་ནས་ཐབས་ཇུས་ལག་ལེན་བསྟར་ཚུལ་གསེད་དཀྲོལ་དང་ཕྱོགས་བསྡོམས་བྱེད་ཅིང་། གཟའ་མཇུག་དང་དུས་ཆེན་སོགས་ཀྱི་ངལ་གསོའི་དུས་ཚོད་བེད་སྤྱོད་གང་ཐུབ་བྱས་ནས་སློབ་སྦྱོང་དང་ལས་དོན་ལ་འབད་འབུངས་ཆད་མེད་བྱས། ནམ་རྒྱུན་ལག་གྲུག་རྒྱག་པར་དགའ་བའི་ཁོང་རང་གྲོགས་པོ་ཚོས་འགྲན་བསྡུར་ལ་ཞུགས་དགོས་པ་ཡང་ཡང་བོས་ཀྱང་མ་བསླེབས་པའི་རྐྱེན་གྱིས་གྲོགས་པོ་ཚོས་ཁོང་ལ་ཀུ་རེའི་ཚུལ་དུ་ལས་དོན་ཁོ་ན་ལས་སྒྲུབ་མི་ཤེས་པའི་སྨྱོན་པ་ཞེས་འབོད་པ་རེད།

སྐབས་དེ་དུས་ཕྱོགས་གཞན་ཞིག་གི་ཆ་ནས་བརྗོད་ན། ནུབ་རྒྱུད་ས་ཁུལ་དང་མཐོ་སྒང་ས་ཁུལ། མི་རིགས་ས་ཁུལ། དར་རྒྱས་རྗེས་ལུས་ཀྱི་ས་ཁུལ་བཅས་ཀྱི་ཁྱད་ཆོས་མཐའ་དག་གཅིག་ཏུ་འདུས་པའི་སེར་ཤུལ་རྫོང་ནི་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་ཆེས་དབུལ་ཕོངས་དང་ཆེས་རྗེས་ལུས་ཀྱི་དཔེ་མཚོན་བསྡུས་རིས་ཤིག་ཡིན་པ་རེད།

ཤིན་ཏུ་དབུལ་ཕོངས་ས་ཁུལ་དང་སྐྱེ་ཁམས་སྲུང་སྐྱོང་གི་ལྟེ་གནས་ས་ཁོངས།དབུལ་ཐར་འགག་སྒྲོལ་གྱི་གཡུལ་ས་གཙོ་བོ་སོགས་ཀྱི་མིང་བཏགས་སྣ་ཚོགས་ཀྱིས་ཝང་ཞའོ་ཅན་ལ་བརྡ་ཞིག་བསྟན་ཡོད་ཅིང་། སེར་ཤུལ་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་ལས་ཀའི་ལས་འགན་ཆེ་ལ་ལམ་ཐག་རིང་བ་དང་། དབུལ་སྐྱོར་ལས་འགན་འགྲུབ་དགོས་ན་ཧ་ཅང་དཀའ་ཚེགས་ཆེ་བ་ཡིན་པ་དེ་རེད།

ལྷག་པར་དུ་སེར་ཤུལ་རྫོང་ནི་ཆ་སྙོམས་མཚོ་འཕགས་སྨི4526དང་། ལོ་རེའི་ཆ་སྙོམས་དྲོད་ཚད-1.6℃མན་དང་། དྲོད་ཚད་དམའ་ཤོས-45℃ལ་ཟིན་ཞིང་། མཁའ་རླངས་ནང་གསོ་རླངས་འདུས་ཚད་ནི་ཁྲེང་ཏུའུ་ཀློང་ཐང་གི་བརྒྱ་ཆ46ཙམ་ལས་མེད་པའི “ཚེ་སྲོག་གི་བཀག་སྡོམ་ས་ཁུལ”དུ་གནས་ཤིང་། ས་གནས་ཀྱི་ནད་རིགས་མང་པོ་ཐོན་པ་དང་སྐྱེ་ཁམས་ཧ་ཅང་ཉམས་ཞན་ཡིན་ལ། མཐོ་གྲང་དང་བྱེ་ཐང་ཅན་གྱི་ཡུལ་ཤོག་དང་གྲོང་རྡལ། གྲོང་སྡེ། ཐག་རིང་འབྲོག་ཁུལ་བཅས་ཀྱི་གྲངས་ཀ་ཡང་མི་ཉུང་བ་རེད།

ཐོག་མར་མི་སེར་ཚོར་དབུལ་ཕོངས་ཀྱི་ས་ནས་གནས་སྤོ་བྱ་རྒྱུའི་ལས་ཀ་དེ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་པར་བརྟེན་གནས་སྤོས་ནས་དབུལ་སྐྱོར་བྱེད་པ་ནི་ཐབས་མཆོག་ཅིག་ཡིན་མོད། མི་སེར་ཚོས་ཕ་ཡུལ་ལ་དུང་ཞེན་ཆེ་བ་དང་གནས་སྤོས་རྗེས་འཚོ་བ་ཇི་ལྟར་བྱ་དགོས་པ་སོགས་ལ་སེམས་ཁྲལ་ཆེ་བས་ཝང་ཞའོ་ཅན་གྱིས་ངང་རྒྱུད་རིང་པོས་ཐེངས་མང་པོར་མི་སེར་ཚོར་ཚོགས་འདུ་འཚོགས་པ་དང་སྲིད་ཇུས་དྲིལ་བསྒྲགས་བཏང་བ་དང་། མི་སེར་གྱི་དངོས་ཡོད་དགོས་མཁོ་དང་འཚོ་བའི་དཀའ་ངལ་རྒྱུས་ལོན་ཞིབ་ཕྲ་བྱས་ཤིང་། ཞིང་འབྲོག་པའི་བསམ་འཆར་དང་གྲོས་མགོ་ལ་ནན་ཏན་ཉན་པ་དང་། དུད་ཚང་རེ་རེའི་གཞི་རྩའི་གནས་ཚུལ་གསལ་པོ་ཤེས་པར་བྱས་རྗེས་གནས་སྤོའི་འཆར་འགོད་ལ་བཟོ་བཅོས་ཐེངས་མང་བརྒྱབ་དགོས་བྱུང་ཡང་འཁང་ར་ཚིག་གཅིག་ཀྱང་བྱས་མྱོང་མེད། ཝང་ཞའོ་ཅན་གྱིས་གསར་འགོད་པར་ང་རང་གིས་ལོ་བཅུའི་རིང་ལ་དབུལ་སྐྱོར་ལས་དོན་བསྒྲུབས་ནས་ཐབས་མཆོག་གསུམ་རྙེད་པ་འདི་ལྟར་ཏེ། གཅིག་ནི་དུད་ཚང་དུ་བསྐྱོད་ནས་སེམས་དང་སེམས་གཏད་ནས་ཕན་གནོད་སྐོར་གྱི་གནས་ཚུལ་གསལ་བཤད་ཞིབ་ཕྲ་བྱ་རྒྱུ། གཉིས་ནི་མང་ཚོགས་སྒྲིག་འཛུགས་བྱས་ནས་ཡུལ་དངོས་སུ་བཀོད་སྒྲིག་ཁང་པར་ལྟ་སྐོར་བྱེད་སར་ཁྲིད་པ། གསུམ་ནི་དམངས་ཕན་སྲིད་ཇུས་ཁྱིམ་ཚང་ཀུན་གྱིས་ཡང་དག་པ་ཞིག་ཤེས་ཐུབ་པ་བྱ་རྒྱུ་དེ་རེད། ཐབས་དེ་གསུམ་ལ་བརྟེན་ནས་དུས་ཡུན་རིང་པོར་མ་སོང་བར། རང་མོས་ངང་གནས་སྤོའི་རེ་ཞུ་བྱེད་མཁན་ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ་ཇེ་མང་དུ་སོང་བས། རྫོང་ཡོངས་ཀྱི་གནས་སྤོ་དབུལ་སྐྱོར་གྱི་ལས་དོན་རིམ་བཞིན་རྒྱུན་ལྡན་གྱི་སྲོལ་ལམ་དུ་བསྒྱུར་ཐུབ་ཡོད་ལ། འཚོ་བ་གསར་པ་རོལ་རྒྱུའི་མགོ་ཡང་བཙུགས་ཡོད་ཅེས་བཤད་པ་རེད།

ཐབས་ལ་མཁས་པའི་སྤྱོད་པ་ཡིས།།གནས་སྤོ་དབུལ་སྐྱོར་ལས་དོན་སྤེལ།།

ལེ་ལག་ཆ་ཚང་ཡིན་པའི་བཀོད་སྒྲིག་ཁང་པ།

ལས་སྒྲུབ་ཐབས་ཤེས་སྤྱོད་མཁས་པའི་འཚོ་བ་སྐྱིད་པོ།

སྤྱི་ཟླ6པའི་ཚེས17ཉིན། གསར་འགོད་པས་ལོ་ཆུང་གྲོང་རྡལ་དྲན་འཁོར་ཡུལ་ཤོག་གི་གཞི་ཁྱོན་ཆུང་བའི་གཅིག་བསྡུས་བཀོད་སྒྲིག་བྱ་ཡུལ་ཞིག་ཏུ་བསྐྱོད་སྐབས་མིག་ལམ་དུ་མངོན་པ་ནི་གྲལ་སྟར་འགྲིག་པའི་སྡོད་ཁང་གསར་པ་དང་། དུད་ཚང་སོ་སོའི་སྒོ་ཁར་བསྲིངས་པའི་ཨར་འདམ་ལམ་རྒྱ་ཆེ་ཞིང་གཙང་བ་དེ་རེད། རིན་ཆེན་དབང་མོ་ཚང་གི་བཀོད་སྒྲིག་ཁང་གསར་ཡང་དེའི་ཡ་གྱལ་ཞིག་ཡིན།

རིན་ཆེན་དབང་མོས་གསར་འགོད་པར་དེ་སྔར་མི་རབས་ནས་མི་རབས་བར་ཚང་མ་ར་བཅོ་གྲོང་སྡེའི་ས་མཐོའི་འབྲོག་སྡེའི་ཐོག་བསྡད་ཡོད་པར་བརྟེན། གཞུང་ལམ་དང་ཆུ། གློག་སོགས་ཅི་ཡང་མེད། མི་ཚེ་གཅིག་ཕྱུགས་ཟོག་ལ་བརྟེན་ནས་མར་དང་ཞོ། ཟོག་ཤ་སོགས་བཙོང་ནས་འཚོ་བ་སྐྱེལ་བར་གོམས་ནས་ཡོད། ང་ཚོ་རི་མགོ་ནས་རི་འདབས་སུ་སྤོ་དགོས་པའི་གནས་ཚུལ་ཤེས་ཚེ་ངའི་བསམ་ཐོག་ལ་བབ་མ་བྱུང་། ཟོག་འཚོ་བ་ལས་ང་ཚོས་ཅི་ཡང་མི་ཤེས་པས་འཚོ་བ་ཅི་འདྲ་བྱ་དགོས་རེད་ཅེས་བཤད་ནས་ཅུང་ཟད་བསྒུགས་རྗེས། ཡང་དེ་ནས་ཝང་ཞའོ་ཅན་དང་ལས་སྒྲུབ་ཚོགས་ཆུང་གི་མི་སྣ་ཚོ་ཐེངས་བདུན་བརྒྱད་ལ་ངེད་ཀྱི་འབྲོག་ར་དང་སྦྲ་གུར་དུ་འོངས་ནས་ངེད་བཟའ་མི་གཉིས་ལ་བསམ་བློའི་ལས་ཀ་བྱས་པ་རེད། དེའི་རྗེས་ང་ཚོས་གཞི་ནས་གནས་སྤོ་བར་རང་ཉིད་ཀྱིས་མ་དངུལ་འགྲོ་སོང་གཏང་མི་དགོས་པ་དང་། ད་དུང་ང་ཚོར་ཁང་པ་གསར་པ་བཀབ་པ་དང་ལག་རྩལ་འཇོན་ནུས་གསོ་སྦྱོང་

བྱེད་རོགས། ཟུར་ལས་འཚོལ་རོགས་བཅས་བྱེད་ཀྱི་ཡོད། དེར་མ་ཟད་སེམས་ཆེས་དགའ་འོས་པ་ཞིག་ནི་ཕྲུ་གུ་གཉིས་ཡུལ་ཤོག་གི་ལྟེ་གནས་སློབ་ཆུང་དུ་ཡི་གེ་འདོན་སར་འགྲོ་ཆོག་པས་ཧ་ཅང་ཐག་ཉེ་བ་རེད་ཅེས་ཅུང་ངོ་གནོང་བའི་རྣམ་འགྱུར་དང་བསྟུན་ནས་དེ་ལྟར་བཤད་པ་རེད།

རིན་ཆེན་དབང་མོའི་ཁྱིམ་ཚང་དང་འདྲ་བར་གནས་སྤོས་དང་ལག་རྩལ་འཇོན་ནུས་གསོ་སྦྱོང། དེ་བཞིན་གནས་སྤོས་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་བཅས་ཟུང་དུ་སྦྲེལ་བའི་བྱེད་ཐབས་བརྒྱུད་ནས་དབུལ་ཕོངས་མང་ཚོགས་སྤོས་ཐུབ་པ་དང་གཞིས་ཚུགས་པ། ཕྱུག་པོར་འགྱུར་ཐུབ་པ། སྔར་བས་བདེ་སྐྱིད་དུ་གྱུར་པའི་དཔེ་མཚོན་ཧ་ཅང་མང་པོ་ཡོད་པ་རེད།

2017ལོར་དྲན་འཁོར་ཡུལ་ཤོག་ཆོས་སྡེ་གྲོང་སྡེའི་ཡུལ་མི་བཀྲ་ཤིས་རྣམ་རྒྱལ་གནས་སྤོ་བྱེད་ཡུལ་དུ་གནས་སྤོས་པ་དང་། དེ་ལོར་ཁོ་རང་ལག་རྩལ་འཇོན་ནུས་གསོ་སྦྱོང་དུ་ཞུགས་ཡོད། དེའི་རྗེས་ཀྱི་ལོ་ཁ་ཤས་ཀྱི་ནང་དུ་ཡང་རྗེས་མཐུད་ཀྱི་ལག་རྩལ་འཇོན་ནུས་གསོ་སྦྱོང་དུ་ཞུགས་ནས་ད་ལྟ་འདན་མའི་ལྟ་སྐོར་སྐྱེ་ཁམས་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་ཁུལ་གྱི་ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་བར་གྱུར་ཡོད། ཁོས་སྤྲོ་སེམས་འཕེལ་བའི་ངང་མགོ་མར་ཟླ་རེར་གླ་ཕོགས་སྒོར4000རག་གི་ཡོད། ད་ཆ་ཟླ་རེར་གླ་ཕོགས་སྒོར6000གི་ཐོག་འཕར་ཡོད་པ་དང་། དེའི་ཐོག་ལ་ངས་ཞིང་ལས་འཕྲུལ་ཆས་ཀྱི་ཡོ་བྱད་སྣ་ཚོགས་བཀོལ་སྤྱོད་བྱེད་ཤེས། བཟའ་ཟླས་ཀྱང་གླིང་ཁུལ་དུ་སྒོ་སྲུང་བྱས་ནས་ཟླ་རེར་ཡོང་འབབ་སྒོར4500ལྷག་ཙམ་རག་གི་འདུག་ཅེས་བཤད་པ་རེད།

རྩེ་མདའ་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་པད་མ་བཀྲ་ཤིས་ཀྱིས་ཝང་ཅུས་ཀྲང་ལོ་ཆུང་ཡང་དབུལ་སྐྱོར་ལས་དོན་སྒྲུབ་དུས་ཁྲལ་སེལ་གཏན་ནས་མི་བྱེད་པ་རེད། ཁོང་གིས་གནས་སྤོ་དང་འཕེལ་རྒྱས་གཉིས་ཀར་དམ་འཛིན་བྱས་ཤིང་། མཐོ་གྲོང་འབྲོག་ཁུལ་དུ་སྡོད་ཁང་སྐྲུན་པའི་ལོ་རྒྱུས་གསར་པ་བྲིས་པ་དང་ཆབས་ཅིག། དམངས་ཕན་ཐོན་ལས་སྤེལ་ཤུགས་ཆེ་རུ་བཏང་ཡོད། ལས་ཞུགས་ཀྱི་ཐད་སྤྱི་ཕན་རང་བཞིན་གྱི་ལས་གནས་དང་ཐོན་ལས་སྐུལ་ཁྲིད། ངལ་ལས་ཕྱི་འདྲེན། རང་བདག་གསར་སྐྲུན་བཅས་ཕྱོགས་བཞིའི་ཐད་ནས་ཤུགས་བརྒྱབ་ཡོད། གནས་སྤོ་དུད་ཚང་མི་ཉུང་བ་ཞིག་གིས་ཁོང་ལ་བུ་བུ་ཞེས་འབོད་ཀྱི་ཡོད་ཅེས་བཤད།

ཝང་ཞའོ་ཅན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་རེ་བ་བསྐང་ཞིང་དོན་གཉེར་དངོས་སྒྲུབ་ཀྱིས་གྲུབ་འབྲས་བསྐྲུན་ཡོད། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ། སེར་ཤུལ་རྫོང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར6.93བཏང་ནས་དུད་ཚང3429ཡི་མི12099ཡི་གནས་སྤོས་དབུལ་སྐྱོར་བྱེད་པའི་དམིགས་ཡུལ་གྱི་ལས་འགན་གྲུབ་ཡོད།(གཅིག་བསྡུས་བཀོད་སྒྲིག་བྱ་ཡུལ56དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཚང1331བཀོད་སྒྲིག་བྱས་ཡོད། དུད་ཚང2098ཁ་ཐོར་བཀོད་སྒྲིག་བྱས་ཡོད།)དེ་དང་ཆབས་ཅིག་དབུལ་ཕོངས་མང་ཚོགས་ལ་རྙིང་བཤིག་བསྐྱར་སྦོལ་དང་སྐྱེ་ཁམས་བསྐྱར་གསོའི་གྲོས་མཐུན་ཡི་གེ་བཞག་པ་དང་། རྙིང་བཤིག་བསྐྱར་སྦོལ་མུའུ8.72དང་སྐྱེ་ཁམས་བསྐྱར་གསོ་མུའུ182.7གྲུབ་ཡོད། ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་མེ་ཟོན་དང་། བརླན་འགོག། ཡོམ་འགོག་བཅས་བྱེད་ཐུབ་པ་དང་། ནུས་ཁུངས་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོང་། ཨར་ལས་དུས་ཡུན་ཐུང་བ། འཛུགས་སྐྲུན་མ་གནས་དམའ་བ་བཅས་ཀྱི་སྒྲིག་སྦྱོར་རྣམ་པའི་རྣོ་ལྕག་གི་ཁང་པ་རྒྱག་སྟངས་སྔོན་ལ་ནང་འདྲེན་བྱས་ནས་ཨར་ལས་ལག་བསྟར་དུས་ཡུན་ཐུང་བ་དང་མ་གནས་མཐོ་བ་སོགས་ཀྱི་དཀའ་གནད་ཐག་གཅོད་གོ་ཆོད་པོ་བྱས་ཡོད།།


  • ལེ་ཚན་སྔོན་མ།:ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་རྟའུ་དང་སེར་ཤུལ་ལ་ཕེབས་འདུག།
  • ལེ་ཚན་རྗེས་མ།: གནའ་ལུགས་ཀྱི་མགར་རྩལ་ལ་བརྟེན་ནས་ལྕགས་ཟམ་གྱི་ལྕགས་ཐག་རྡུང་བཟོ་བྱེད་མཁན།
  • དོ་སྣང་ཆེ་བའི་རྩོམ།