འཕྲིན་བཟང་། དྭ་ཕྲུག་ལ་ལྟ་སྐྱོང་འཆར་གཞི་འདི་ཚོ་ལག་ལེན་གཏང་རྒྱུ།

ཐུབ་ཀྱིས་བསྒྱུར།        2021-08-20

       ཞིང་ཆེན་དམངས་སྲིད་ཐིང་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། སྤྱི་ཟླ8པའི་ཚེས10ཉིན་ནས་བཟུང་། རང་རེའི་ཞིང་ཆེན་གྱིས་དྭ་ཕྲུག་གི་སྨན་བཅོས་དང་བདེ་གསོའི་འབྱུང་འགྱུར་འཆར་གཞི་ཞེས་པ་ལག་ལེན་དངོས་སུ་བྱ་རྒྱུ་ཡིན་ཞིང་། ལོ་ཁ་ལངས་མེད་པ་ནས་ལོ18བར་གྱི་དྭ་ཕྲུག་ལ་གྲོང་ཡུལ་གཞིས་མིའི་མ་མཐའི་སྨན་བཅོས་ཉེན་སྐྱོབ་ཁྱབ་ཁོངས་ནང་ཚུད་ཀྱི་ནད་རིགས་སྣ་ཚོགས་ལ་སྨན་བཅོས་དང་བདེ་གསོའི་རོགས་སྐྱོར་བྱ་རྒྱུ་རེད། ལོ18ལ་སོན་པའི་དྭ་ཕྲུག་ད་དུང་སློབ་གྲྭར་ཡི་གེ་འདོན་བཞིན་ཡོད་ན་སློབ་གྲྭའི་དཔང་འཛིན་ཁྱེར་ནས་མུ་མཐུད་དེ་རེ་ཞུ་བྱེད་ཆོག་པ་རེད།

      དྭ་ཕྲུག་གི་སྨན་བཅོས་དང་བདེ་གསོའི་འབྱུང་འགྱུར་འཆར་གཞི་ཞེས་པ་ནི་འཚོ་ཕན་རྒྱན་འཛིན་སྤྱི་ཕན་ཐེབས་རྩས་རྒྱབ་སྐྱོར་བྱས་ཤིང་། རོགས་སྐྱོར་ཁྱབ་ཁོངས་ནི་འགན་སྲུང་བྱ་ཡུལ་གྱི་སྨན་བཅོས་བདེ་གསོའི་འགྲོ་སོང་ལས་རང་གིས་སྤྲད་དགོས་པའི་འགྲོ་སོང་ཡིན།(འབྲེལ་ཡོད་འགྲོ་སོང་བསྡོམས་འབོར་ལས་སྨན་བཅོས་ཉེན་སྐྱོབ་ཀྱི་རྩིས་ཞུ་དང་ནད་ཆེན་ཉེན་སྐྱོབ་ཀྱི་རྩིས་ཞུ། སྨན་བཅོས་དང་བདེ་གསོའི་རོགས་སྐྱོར། དགེ་སྒྲུབ་ཞལ་འདེབས་བཅས་ཀྱི་འགྲོ་སོང་ཕུད་རྗེས་ཀྱི་ལྷག་མའི་ཆ་ལ་ཟེར་བ་རེད།)ཞིབ་ཕྲ་རིགས6གི་འགྲོ་སོང་ལ་རོགས་སྐྱོར་བྱ་རྒྱུ་སྟེ།

▼བརྟག་བཅོས་འགྲོ་སོང་།

ལོ་གཅིག་གི་ནང་ཚུད་དུ་དམིགས་འཛུགས་སྨན་ཁང་གི་བརྟག་བཅོས་འགྲོ་སོང(སྡོད་བཅོས་དང་སྒོ་བསྟེན་འགྲོ་སོང་འདུས)ཁྲོད་ཀྱི་རིམ་རྩིས་བྱས་ནས་སྒོར1000ཡན་གྱི་རང་གིས་སྤྲད་དགོས་པའི་འགྲོ་སོང་གི་ཆ།

▼བདེ་གསོའི་འགྲོ་སོང་།

དྭ་ཕྲུག་གིས་དམིགས་འཛུགས་སྨན་ཁང་དུ་ཆེད་ལས་སྨན་བཅོས་བདེ་གསོའི་སྦྱོང་བརྡར་དང་ལེན་བྱས་པའི་རང་གིས་སྤྲད་དགོས་པའི་འགྲོ་སོང་སྟེ།རོགས་སྐྱོར་ཚད་གཞི་ནི་ལོ་རེར་མི་རེར་སྒོར་ཁྲི3ལས་བརྒལ་མི་ཆོག།

▼དམིགས་བསལ་སྨན་རྫས་ཀྱི་འགྲོ་སོང་།

དྭ་ཕྲུག་ལ་སྙིང་ནད་ཕོག་ནས་པོ་ཧྲན་ཐེན་ཞེས་པའི་སྨན་དང་།ཚིགས་འབུར་སྲ་འགྱུར་གྱི་ནད་ཕོག་ནས་ལེ་ཕ་ཧྲུའུ་དང་དབྱི་ཝེ་མོ་སི་སོགས་ཀྱི་སྨན་རྫས་ཀྱི་འགྲོ་སོང་ལས་རང་གིས་སྤྲད་དགོས་པའི་ཆ།

▼རོགས་དན་ཡོ་བྱད་སྒྲིག་སྦྱོར་གྱི་འགྲོ་སོང་།

ལུས་ཀྱི་དབང་པོར་སྐྱོན་ཡོད་པའི་དྭ་ཕྲུག་ལ།དམིགས་འཛུགས་སྨན་ཁང་དུ་བདེ་གསོའི་རོགས་དན་ཡོ་བྱད་དེ་དཔེར་ན་རྐང་ཚབ་ལག་ཚབ་དང་མི་བཟོས་རྣ་འཁྱིལ་དང་རྣ་རོགས་སོགས་ཀྱི་འགྲོ་སོང་ལས་རང་གིས་སྤྲད་པའི་ཆ།དམིགས་བསལ་རོགས་དན་ཡོ་བྱད་ཁ་ཤས་ལ་བསྡུར་ཚད་ལྟར་སྤྲད་རྒྱུ།

▼ལུས་པོ་བརྟག་བཤེར་གྱི་འགྲོ་སོང་།

མི་རེར་ལོ་རེར་སྒོར800ལས་བརྒལ་མི་ཆོག་ཅིང་།ལོ་གཉིས་རེ་ལ་ཐེངས་རེ་ཡིན།ས་གནས་ཁག་གིས་ལོ་ཚད་མི་འདྲ་བའི་བྱིས་པར་དམིགས་ནས་ལུས་པོ་བརྟག་བཤེར་གྱི་དགོས་མཁོ་ལྟར་བརྟག་བཤེར་ནང་དོན་གཏན་འཁེལ་བྱ་དགོས།

▼སྡོད་བཅོས་ཞབས་ཞུའི་འགྲོ་སོང་།

   བཅོས་སྡོད་བྱ་དགོས་པའི་དྭ་ཕྲུག་ལ་གྲོང་ཁྱེར་དང་ཁུལ་ནང་ཁོངས་སུ་བཅོས་སྡོད་བྱས་ན་མི་རེར་ཉིན་རེར་སྒོར300ཡི་ཚད་གཞི་ལྟར་ཁ་གསབ་སྤྲད་རྒྱུ་དང་།གྲོང་ཁྱེར་ཕྱི་རོལ་ལ་ཡིན་ན་མི་རེར་ཉིན་རེར་སྒོར400ཡི་ཚད་གཞི་ལྟར་ཁ་གསབ་སྤྲད་རྒྱུ།ཐེངས་རེའི་སྡོད་བཅོས་ཀྱི་ཁ་གསབ་སྒོར7000ལས་བརྒལ་མི་ཆོག་ཅིང་།མི་རེ་ལོ་རེར་སྡོད་བཅོས་ཐེངས་གཉིས་ལས་བརྒལ་མི་ཆོག།

 “འབྱུང་འགྱུར་འཆར་གཞི”ཡི་ལས་གཞི་ལ་དམིགས་འཛུགས་སྨན་ཁང་ལས་ཁུངས་ཀྱི་ལས་དོན་ལམ་ལུགས་ལག་ལེན་བསྟར་རྒྱུ་ཡིན།ཞིང་ཆེན་ནང་ཁུལ་གྱི་དམིགས་འཛུགས་སྨན་ཁང་གྲོང་ཁྱེར་དང་ཁུལ21ལ་ཁྱབ་ཡོད་ཅིང་།བསྡོམས་ན231ཡོད་དོ།།


  • ལེ་ཚན་སྔོན་མ།: གནའ་ལུགས་ཀྱི་མགར་རྩལ་ལ་བརྟེན་ནས་ལྕགས་ཟམ་གྱི་ལྕགས་ཐག་རྡུང་བཟོ་བྱེད་མཁན།
  • ལེ་ཚན་རྗེས་མ།:ས་མཐོ་ས་ན་སློབ་གསོ་ལ་འབད་བཞིན་པའི་སློབ་གཙོ་ཞིག
  • དོ་སྣང་ཆེ་བའི་རྩོམ།