གཡུལ་དུ་ཆས་པའི་ཐུ་བྷོད་པ།

ཁྲི་ཟླ་གཞོན།        2021-08-24

མཐོ་བ་རི་སྒང་ན་རུ་དར་རླུང་གིས་བསྐྱོད་པའི་

སྐྱ་མི་མདུང་ཐོགས་ཤིག།

བར་སྣང་སྤྲིན་མཚམས་ན་ཞལ་ལྕེ་གློག་དམར་

འཁྱུག་པའི་དགྲ་ལྷ་ཝེར་མ་ཞིག།

དམའ་བ་ཐང་སྟོད་ན་རླུང་བུས་མཁའ་ལ་

དྲངས་པའི་བསང་དུད་སྟུག་པོ་ཞིག།

སྦྲ་ནག་ཁ་འཚུབ་ན་སྐྱབས་བཅོལ་སྨོན་ལམ་འདེབས་

པའི་དབྱངས་རྟ་གཉོམ་པོ་ཞིག།

རྒྱང་རིང་ལམ་ཆེན་དུ་རྡུལ་རླུང་འཚུབ་པས་

དམག་གི་རྒྱབ་གཟུགས་མི་མཐོང་ཞིང་།།

རྟ་ཕོའི་རྨིག་སྒྲ་ཡིས་རི་ལུང་བཀང་བས་

དུང་ཆེན་འབུད་སྒྲ་ཡང་ཐོས་པར་དཀའ།།

བཙན་པོས་བཀའ་ཤོག་ཏུ་གཡུལ་དགྲ་ལྡོག་ཅིག་

ཅེས་གསལ་བོར་བྲིས་པའི་ཡིག་འབྲུ་མཐོང་།།

འཁོར་གསུམ་སྐེད་དུ་བཅིངས་རྟ་ཕོར་བཅིབས་ནས་

ཕྱིར་བལྟ་མེད་པར་ལམ་ལ་ཆས།།

ཐུ་བྷོད་བཙན་པོ་ཡི་རུ་དར་བརྗིད་པོ་འགྱེལ་དུ་

མེད་པའི་ལྷ་དར་ཞིག།

ཐུ་བྷོད་དཔའ་དམག་གི་རུ་དཔུང་བཙན་པོ་

ཤ་ཁྲག་མཆོད་པའི་ཁྲོ་བོའི་ཚོགས།།

དགྲ་སྙིང་དམར་པོ་ཡིས་གསུར་མཆོད་བྱེད་ཅིང་

དགྲ་ཁྲག་དམར་པོ་གདོང་ལ་བསྐུས།།

དྲག་པོ་དཔའ་སྡེ་འདིས་ཕ་ས་སྲུང་ཕྱིར་

མི་ལྡོག་འཆི་བའི་སྟ་གོན་བྱེད།།

སྔོན་པོ་གནམ་ངོ་ཡི་ཁ་མདོག་འགྱུར་ནས་

སྤྲིན་ནག་འཁྲིགས་ཤིང་རླུང་ཆེན་ལྡང་།།

དོག་མོ་ས་སྟེང་དུ་རྡུལ་རླུང་འཚུབ་པས་

རྩྭ་སྐྱ་སྤུར་ཞིང་རྩི་ཏོག་གྲགས།།

མདོ་རིག་རྟ་ཕོ་ཡིས་རྣ་བ་བསྒྲེངས་ཤིང་མཚེར་སྐད་

སྒྲོག་བཞིན་འདྲོགས་པར་བྱེད།།

དགྲ་བོའི་དམག་དཔུང་གིས་ཚུར་རྒོལ་བྱེད་པའི་

སྔ་བལྟས་སྔོན་བརྡ་ཤུགས་སུ་གསལ།།

ཐོ་རེངས་སྐར་ཆེན་གྱིས་གྲང་ངར་མ་བཟོད་

མི་སྡོད་ཁོང་འདར་ལྕུག་ལྕུག་བྱེད།།

རེ་སྦྲ་སྨུག་པོ་ཡི་རུ་སྒར་ཕྱི་རུ་སོ་སྲུང་

དམག་མིས་མེལ་ཚེ་བྱེད།།

གྲང་ལྷགས་ལྡང་བ་ཡིས་མི་རྟའི་ཁ་དབུགས་

མེ་འོད་ངོགས་ན་སྐྱ་འཕྱུར་འཕྱུར།།

ཡུན་ཐུང་མྱི་ལུས་འདི་ཕ་ས་སྲུང་

ཕྱིར་འཆི་དགོས་ཐུག་ཀྱང་ཅི་ལ་འཇིགས།།

གཡུལ་ཞུགས་སྐུལ་མ་ཡི་དམག་དུང་དམག་རྔ་

མི་ཆད་ཤུགས་ཀྱིས་ལྡིར་ལྡིར་གྲགས།།

སོད་སོད་རྒྱོབས་རྒྱོབས་ཀྱི་ཞེ་སྡང་ཀི་སྒྲས་གཤིན་

རྗེ་རྒྱལ་བློན་དངངས་པར་བྱེད།།

མདའ་གྲི་མདུང་གསུམ་སོགས་ཤུགས་ཀྱིས་གཏུགས་

པའི་ཆོམ་སྒྲས་མཚོ་རླུང་འགྲོ་བར་རྩོམ།།

གཡས་ལོག་གཡོན་འགྱེལ་གྱི་བེམ་རོ་བརྩིགས་པས་

ས་ཆེན་ཨ་མར་མིག་ཆུ་བཞུར།།

རྡུལ་དང་ཀི་སྒྲ་ཡིས་གནམ་ས་འགེངས་བ་རེ་

ཞིག་འཇགས་ཤིང་དུད་ནག་འཁྲིགས།།

ཁྭ་ཏ་ནག་ཆུང་གིས་ཐན་སྐད་འབྱིན་བཞིན་བེམ་རོའི་

གསོལ་སྟོན་ཚིམས་པར་རོལ།།

བདག་མེད་རྟ་ཕོ་ཡིས་སྒ་དང་ཡོབ་ཁུར་

སྲབ་མདའ་བཟུང་བའི་བདག་པོར་སྒུག།

ཆོམ་སེར་འགྱེལ་བ་ཡི་དགྲ་དར་རལ་བོ་

དམག་རྟའི་ཞབས་སུ་འདམ་ལ་འབྱར།།

མྱུར་མགྱོགས་བྱ་མ་རྟས་ཉིན་མཚན་བརྒྱབ་ནས་

རྒྱལ་ཁའི་འཕྲིན་བཟང་དབུས་སུ་བསྐྱལ།།

དབུས་ཡུལ་ལྷ་ས་ནས་བླ་དཔོན་འབངས་

སོགས་དགའ་སྤྲོས་མྱོས་པས་གླུ་གར་རྩོམ།།

རི་སྒང་ལུང་གསུམ་གྱི་ཡུལ་ལྷ་གཞི་བདག་

མྱི་རྒྱལ་ལྷ་རྒྱལ་རྒྱལ་ཁས་ཚིམས།།

བྱང་ཕྱོགས་རི་སྒང་གི་ཐུ་བྷོད་རུ་སྡེར་མི་འཇིགས་

གདོང་ལྔའི་ཟིལ་ཤུགས་རྒྱས།།

དཔའ་བོར་དཔའ་དར་གྱི་སྟག་ལྤགས་གཟིག་ལྤགས་

གཟེངས་སུ་བསྟོད་པའི་སྐྱེས་སུ་བསྩལ།།

འབངས་སུ་བཀུག་པ་ཡི་རུ་སྡེ་རྒྱུ་ནོར་སོ་སོར་

བགོས་ཏེ་ཁྲི་སྐོར་བཅོས།།

སྡར་མར་ཝ་ལྤགས་ཀྱིས་དམན་པར་དགར་ཅིང་

ཕྱིན་ཆད་མི་འབྱུང་ཆད་པ་བཅད།།

ཧི་མ་ལ་ཡའི་རི་སྒང་ན་ཐུ་བྷོད་ལྷ་དམག་

དྭངས་གཙང་ཁ་བའི་ཟོལ་གྱིས་བཞུགས།།



  • ལེ་ཚན་སྔོན་མ།:རོང་ཁུལ་ལམ་མདོའི་རེག་ཟིག།
  • ལེ་ཚན་རྗེས་མ།:རྨི་ལམ་གྱི་རབ་ཁ་སྒུལ་མཁན།