རྨི་ལམ་གྱི་རབ་ཁ་སྒུལ་མཁན།

ཀུན་མཁྱེན་གྲགས་པ།        2021-08-24

རྨི་ལམ་གྱི་རབ་ཁ་སྒུལ་མཁན།

ཉིན་འདི་འགར།

ཡང་ན། ལོ་འདི་འགར།

རྨི་ལམ་དང་གཉིད་ལམ་གྱི་བར་ཐག་ཤིན་ཏུ་རིང་།

སྐབས་སྐབས་སུ་གཉིད་འགྲོ་བ་ཡོད།

ཚོད་ཚོད་ལ་སད་ཡོང་བ་ཡང་འདུག།

ཏག་ཏག་རྨི་ལམ་གྱིས་བཟི་བ་ནི་བགྲང་ལས་འདས།

རྨི་ལམ་དེ་སྙིམ་པའི་མཐིལ་ནས་ཞི་འགྲོ

དངངས་སྐྲག་དེ་སྙིང་གི་གཏིང་ནས་སྐྱེས་འགྲོ།

རྨི་ལམ་ལ་མངོན་ཤེས་ཡོད།

རྨི་ལམ་ལ་བརྟག་བྱ་མེད།

སྐར་མ་གཅིག་རེ་གཉིས་རེ།

གསེར་རྐྱ་ཡུ་མོའི་རྐྱལ་གང་འཐུ་འདོད།

སྐར་མ་སྔས་འབོལ་ལ་བཅུག་ནས།

ཟླ་བ་ཉ་གང་ཚེས་རིས།

རང་གི་སྲུང་འཁོར་བྱེད་སྙམ།

རྨི་ལམ་ནི་གཅིག་རྗེས་གཉིས་མཐུད།

རྨི་ལམ་ནི་དཀར་སེར་དམར་ལྗང་།

མཚན་དང་སྐྱ་རེངས་ཀྱི་གོ་མཚམས་ན།

གཡེང་ཞིང་གཡོ། སྐྱོམ་ཞིང་འཇགས།

རྨི་ལམ་དེ་སུ་ཞིག་གི་ཞེན་ཆགས་ཡིན་ནམ།

གང་ཞིག་གི་ལས་འཕྲོ་ཡིན།

ཡང་ཅི་ཞིག་གི་སྔོན་འགྲོ་ཡིན།

རྨི་ལམ་གྱི་ཕྱི་ཤུན་རབ་ཏུ་མཐུག།

རྨི་ལམ་གྱི་རབ་ཁ་ན།

འགྲོ་དྲུག་གི་འདུ་འགོད་ཅིས་ཀྱང་རྒོད།

རྨི་ལམ་གྱི་རབ་ཁ་སྒུལ་མཁན།

སུ་དང་གང་ཡང་མ་ཡིན།

རྨི་ལམ་གྱི་རབ་ཁ་སྒུལ་མཁན།

འདྲེ་མོ་ཞིག་མིན་ནམ།

རྨི་ལམ་གྱི་རབ་ཁ་སྒུལ་མཁན།

འདྲེ་མོ་ཞིག་ཡིན།



  • ལེ་ཚན་སྔོན་མ།:གཡུལ་དུ་ཆས་པའི་ཐུ་བྷོད་པ།
  • ལེ་ཚན་རྗེས་མ།:བརྩེ་བ་ཟད་པའི་ལོ་ཟླ།