བརྩེ་བ་ཟད་པའི་ལོ་ཟླ།

མདའ་ཅང་ཤེས།        2021-08-24

མི་མངོན་ལས་ཀྱི་ཁ་ཡིག་རྒྱང་རིང་དུ་བྲིས་ཤིང་།།

ལག་ཟུང་བརྩེ་བའི་དྲན་པ་གྱེས་བྲལ་ལ་བཅར་བའི།།

སེམས་ཀྱི་ན་ཟུག་མཆི་མའི་རྒྱུན་ཐག་ལ་འདྲེས་ཚེ།།

སྐྱོ་བའི་གཏིང་མཐའ་སུ་དང་གང་གིས་ཀྱང་མ་ཚོར།།

ངང་སྒུག་དབྱངས་རྟ་དུངས་པའི་སྤྲིན་དཀར་ལ་བཅོལ་ཞིང་།།

སྙིང་གཏམ་རླབས་རིས་ཡིད་ཀྱི་སྣང་བ་རུ་འཕྱོ་བའི།།

ཨ་གསར་མི་རྟག་མཚོན་ཆ་སྙིང་ཁ་ལ་བརྡབས་ཚེ།།

ད་ནི་འཁོར་བའི་ཚེ་ལ་ཞེན་པ་འང་ལོག་བྱུང་།།

ཅི་ཙམ་ལོ་ཟླ་ཟད་པའི་གྱེས་བྲལ་གྱི་རྒྱབ་གཟུགས།།

ཁྲེལ་གཞུང་གཞོན་པའི་ཞེ་ལ་རྟེན་ཕུར་དུ་བཙུགས་ཏེ།།

ནམ་ཞིག་མཇལ་འཛོམས་གསེར་གྱི་རྨུ་ཐག་གི་སྣེ་ལ།།

འུ་གཉིས་ལས་ལ་བསྐོས་པ་ལོས་ཡོང་ཞིག་བསམ་མོད།།

ཕ་ཡུལ་རྩེ་གཞུང་རི་བོར་རྒྱང་ཐག་ཀྱང་མི་རིང་།།

གནང་བའི་དུས་ཀྱི་དབྱར་ལ་ཉི་མ་ཡང་མ་མང་།།

བརྟན་ཚུགས་ཡིད་ཀྱི་མེ་ཏོག་ཁྱེད་ཕྱོགས་སུ་སྐྱེས་པར།།

མི་འདོད་སེར་བ་འོངས་པའི་ལུང་བསྟན་ཡང་མ་བྱུང་།།

ཚིག་ལ་མདུད་པ་བརྒྱབ་པའི་མ་འོངས་ཀྱི་གཞིས་ཁྱིམ།།

དེ་རིང་ཆར་དང་རླུང་གི་འདམ་ནང་ལ་དྲུད་ཚེ།།

ལོ་དང་ཟླ་བ་བཙགས་པའི་རེ་སྒུག་གི་སེམས་ལ།།

བརྗོད་མེད་སྨྲེང་བའི་མུན་པ་ཡང་ཡང་དུ་འཐིབས་བྱུང་།།

ཚིག་ལ་གྱ་གྱུ་མང་བ་ན་གཞོན་གྱི་སེམས་ཁམས།།

བློ་ལ་འགྱུར་བག་རྒོད་པ་བུད་མེད་ཀྱི་གཤིས་ཀ།

བརྩེ་བའི་ལོ་མ་གྱེས་པའི་ཆུ་ངོགས་སུ་གཡུགས་ཚེ།།

མཚན་གྱི་རྨི་ལམ་ཡིན་ལ་འཁྲུལ་བ་ཡང་སྐྱེས་བྱུང་།།

འགལ་འདུའི་གསོན་འདྲེ་མུན་པའི་སྒེའུ་ཁུང་དུ་ཡིབ་པས།།

ཆར་བའི་ཤག་སྒྲ་ང་ཡི་སྐྱོ་ངལ་ལ་འདྲེས་ཤིང་།།

ཐ་སྙད་འདམ་ཁུ་ཟགས་པའི་ལས་སྐལ་གྱི་འོ་དོད།།

རྨ་ཀླུང་ཆུ་མོའི་འགྲམ་ནས་བྲག་ཆ་བཞིན་མཆེད་སོང་།།

ཨ་ལན་ཚིག་འབྲུ་རེ་རེ་མིད་པ་ནས་འགག་ཅིང་།།

རྒྱུ་རྐྱེན་རྫུན་མའི་ཚིག་དེ་ཡང་ཡང་དུ་གླེང་བས།།

ཞེ་ལ་ཨ་ཐང་ཆད་པའི་སྐྱོ་ངལ་གྱིས་མནར་ཏེ།།

ད་ནི་མི་ལ་བློ་ཕུགས་མེད་པ་ཡང་རྟོགས་སོང་།།

འདས་པའི་ལོ་ཟླར་བཞག་པའི་ནང་སེམས་ཀྱི་སྐད་ཆ།།

ད་ནི་ཡ་སྔོན་དགུང་མཐའི་སྤྲིན་དཀར་ལ་འདྲེས་ཀྱང་།།

དུས་ཐུང་རྨི་ལམ་ཞིག་གི་དྲན་པ་རུ་སྐྱེས་པའི།།

ཁྱེད་ལ་བདེ་སྐྱིད་ལྡན་པའི་སྨོན་ལམ་ཡང་བཏབ་ཡོད།།

འདི་ལྟར་དུངས་པའི་སེམས་པ་འཁྱག་རོམ་ལ་འབྱར་ཞིང་།།

གྱེས་པའི་སྐྲ་ལོ་མིག་ཆུའི་རྒྱབ་གཟུགས་ལ་བཞག་ནས།།

འཇིག་རྟེན་སྣང་བའི་སྡེ་ལ་ཐོག་མ་རུ་ཉུལ་བའི།།

བརྩེ་བ་ཟད་པའི་སྡུག་འདི་དྭངས་མཐའ་ནི་ཨེ་ཡོད།།



  • ལེ་ཚན་སྔོན་མ།:རྨི་ལམ་གྱི་རབ་ཁ་སྒུལ་མཁན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།