ཁྱེད་ཀྱི་བྱམས་བརྩེ།

ཞལ་དཀར།        2021-08-25

སྐྱབས་གནས་མཆོག་གསུམ་མཆོད་འོས་ཁྱུ་ཚོགས་ལ།།

དད་པའི་སྔོན་འགྲོ་སྔོན་དུ་བཏང་བའི་རྗེས།།

ཕ་མ་ལས་ལྷག་བྱམས་པས་རབ་བསྐྱངས་བའི།།

དྲིན་ལྡན་ཞང་མཆོག་ཁྱེད་ལ་འཚམ་འདྲི་ཞུ།།

དགུང་གི་ཉི་ཟླས་འགྲོ་ཁམས་འོད་ཀྱིས་ཁྱབ།།

ཁྱེད་ཀྱི་བརྩེ་བས་བདག་སེམས་མདངས་ཀྱིས་ཕྱུག །

ཕ་མའི་བྱམས་བརྩེས་བུ་ཕྲུག་སྲོག་ལྟར་གཅེས།།

ཁྱེད་ཀྱི་དུང་བས་ཁོ་བོ་སྙིང་བཞིན་དམར།།

ཁྱེད་ཀྱི་རེ་བའི་རི་བོ་ལྕི་དྲགས་པས།།

ཁོ་བོས་ཐེགས་པར་ནུས་པ་དཀའ་མོད་ཀྱང་།།

སྒྱུ་མའི་འཇིག་རྟེན་འདི་ནས་འཚོ་བའི་བར།།

ཉིད་ཀྱི་བཀའ་དྲིན་སེམས་ནས་ཡལ་མི་སྲིད།།

ད་ནི་མི་ཚོགས་བྲེལ་ནས་འུར་ཟིང་ངང་།།

རབ་རྒྱན་ལྕགས་མོ་གླང་ཞེས་ཁ་གཡང་གཏོང་།།

བདག་གི་སེམས་པ་རྒྱང་རིང་ཁྱོད་ཕྱོགས་སུ།།

དབང་མེད་ལེ་དབར་དུ་མའི་ཡུལ་ལ་ཕྱོགས།།

མིང་སྲིང་མིག་ཟུང་ཡིན་པའི་བདག་སེམས་ཀྱི།།

སུ་ལ་འགྲན་དུ་མེད་པའི་བྱམས་ལྡན་ཁྱེད།།

འབྱུང་འགྱུར་མི་ཚེའི་ལོ་ཟླ་རིང་མོའི་ནང་།།

ནད་མེད་བདེ་དགའི་འཚོ་བའི་སྨོན་འདུན་ཞུ།།

ཉི་ཟླའི་འོད་ཟེར་ཕོག་ཀྱང་དྲོ་སྣང་དབེན།།

ནམ་མཁར་འཇའ་གུར་ཕུབ་ཀྱང་མཛེས་སྣང་ཡལ།།

མི་ཡུལ་མི་ཡི་ལུང་པར་འོད་ཅིག་དགོས།།

འཇིག་རྟེན་བརྩེ་བས་ཁྱབ་ན་མཛེས་སྣང་གདའ།།

འཕྲིན་གྲོགས་གཞན་གྱིས་ལོ་སར་རྟེན་འབྲེལ་ཞུ།།

དེ་ལྟ་ན་ཡང་ལོ་ཟླ་དམིགས་བསལ་འདིར།།

བདག་ལ་ལོ་སར་ཟེར་བ་དབེན་ན་ཡང་།།

དྲིན་ལན་གཞལ་མཐའ་བྲལ་བའི་ཞང་རྒན་ལ།།

ལོ་ཟླ་གསར་བའི་སྨོན་ཚིག་ཐུང་ངུ་འདི།།

མ་བཅོས་ཡིད་ཀྱི་མཚོ་ལས་འཁྲུངས་བ་ཡི།།

ཁྱེད་ལ་མཆོད་པའི་དབྱངས་གསལ་མཆོད་ཡོན་ཡིན།།

བདག་སེམས་པད་དཀར་མཚོན་པའི་སྐྱེས་སུ་ཕུལ།།



  • ལེ་ཚན་སྔོན་མ།:བརྩེ་བ་ཟད་པའི་ལོ་ཟླ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།