རྨི་ལམ་ནང་གི་གླུ།

གངས་ཟེགས།        2021-08-27

གཅིག་པུར་ཙོག་ཚེ་རང་གི་རྨི་ལམ་བྲིས། །

རྨི་ལམ་ནང་དུ་རང་གི་མི་ཚེ་བྲིས། །

གཞན་དང་འདྲ་བར་འཚོ་བའི་རི་མོར་ཕབ། །

སེམས་ཀྱི་ངོས་སུ་ཚོན་རིས་མེ་ཏོག་འཛུམ། །

འཇིག་རྟེན་དཀར་ནག་གཉིས་ཀྱི་གྲུ་ཁ་འགྲིམས། །

འཚོ་བའི་ཁ་མདོག་སྣ་མང་ཤར་ཡོང་ཚེ། །

ཐེངས་རེར་རང་གི་ངོ་གདོང་ཆག་པོ་ལས། །

སྙིང་ཤ་འཁྱག་པའི་ཚོར་བ་མང་བོ་མངོན། །

ཤ་རུས་གཟེར་བའི་སྨྲེང་བའི་གདུང་གླུ་འདྲེན། །

ཡིད་ཀྱི་ལྷིང་འཇགས་ཁད་ཀྱིས་རིང་དུ་དཀྲོགས། །

བསམ་གཞིག་སྣ་ཚོགས་སྒྱུ་མའི་ཆོ་འཕྲུལ་བསྟན། །

ལན་རེར་རང་གི་སེམས་ཀྱི་ལྷ་ཡུལ་ལས། །

གཤོག་པ་ཐོགས་པའི་སྐར་མ་སྣ་ཚོགས་འཕུར། །

འཇིག་རྟེན་སྐྱིད་དོ་མི་ཡུལ་མཛེས་སོ་ལ། །

རྨི་ལམ་གསེབ་ཀྱི་རྟ་ཕོ་ཁྱུ་ཚོགས་མ། །

དགུང་དང་ཉི་མའི་འཕང་ནས་རྩེད་གར་རོལ། །

བག་ལ་ཉལ་བའི་རྣམ་ཤེས་དཔྱིད་དཔལ་རྒྱས། །

སྐྱོ་ཤས་བོར་བའི་ལོ་ཟླའི་བར་སྟོང་ནས། །

གླིང་བུ་འབུད་པས་ཡིད་ཀྱི་སྨྲེང་བ་བོར། །

མི་ངོ་ནག་པའི་གཟུགས་འགྲོས་མག་མོག་དེ། །

ཕྱི་ནང་གང་ནས་མ་ཤེས་ཡལ་བར་དོར། །

མུ་མཐའ་མེད་པའི་ཞེ་ཡི་གྲིབ་རིས་དག །

དབྱངས་ཀྱི་ཆུ་མིག་ཅིག་གིས་དལ་བར་བསུབས། །

ང་ཚོ་ཕན་ཚུན་མེ་ལོང་ཇི་བཞིན་ནས། །

རོལ་མོ་ལྟ་བུའི་ཚིག་རིས་མང་བོ་སྟོར། །

མངར་སྐྱུར་ཆེ་བའི་གླུ་དག་མཉན་མ་དགོས། །

རང་སར་ཞི་བའི་གླུ་ཆུང་བླངས་འོངས་ཏེ། །

རང་གིས་བྲིས་པའི་ནམ་མཁའ་མང་པོ་ལ། །

སེམས་ཀྱི་བྱ་ཁྱུ་དགུང་དུ་གཏང་ན་ཆོག །

རྨི་ལམ་སྣ་ཚོགས་འཇའ་རིས་ཕབ་ན་ཆོག །

ཡ་ཆུང་གཤོག་པ་བཏགས་ཏེ་འཕུར་ན་ཆོག །

རང་སེམས་སྐར་མའི་དཀྱིལ་དུ་བཞེང་ན་ཆོག །



  • ལེ་ཚན་སྔོན་མ།:སྙིང་ཉེ།
  • ལེ་ཚན་རྗེས་མ།:རེ་ཞུ།