རྟ་རྩལ་རིག་གནས་ལ་ཞེན་པ་ལྷག་ཏུ་དཀར་བའི་ཁམས་ལི་ཐང་བ་ཞིག།

སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར་ཞུས་བྱས།        2021-08-27

ལི་ཐང་རྫོང་རྟ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་བསམ་འཕེལ་གྱི་གནས་ཚུལ་རགས་བཀོད།

རྟ་རྩལ་རིག་གནས་ལ་ཞེན་པ་ལྷག་ཏུ་དཀར་བའི་ཁམས་ལི་ཐང་བ་ཞིག།

      ལི་ཐང་ལ་ཀྲུང་གོ་བོད་ཀྱི་རྟ་རྩལ་རིག་གནས་ཀྱི་འབྱུང་ཡུལ་ཞེས་པའི་མཚན་སྙན་ཡོད་ཅིང་། ལོ400ལྷག་གི་རྟ་རྩལ་རིག་གནས་ཀྱི་ལོ་རྒྱུས་ཡོད་ལ་དུས་རབས་གོང་མའི་ལོ་རབས་དྲུག་ཅུའི་སྐབས་སུ་དུས་ཆེན་གྱི་རྣམ་པར་གྲུབ་ཡོད། དེ་ཡང་མི་རབས་ནས་མི་རབས་བར་གྱི་ལི་ཐང་བ་ཚོས་རྡོག་རྩ་གཅིག་བསྒྲིལ་གྱིས་འབད་བརྩོན་བྱས་པ་ལ་རག་ལས་ཡོད་ལ། ལྷག་པར་དུ་བློ་བཟང་བསམ་འཕེལ་གྱིས་ལོ་བཅུ་ཕྲག་ལྷག་གི་རིང་ལ་དཀའ་བ་དང་དུ་ལེན། ངལ་བ་ཁྱད་དུ་བསད་པའི་འབྲས་བུ་ལ་ཡང་རག་ལས་ཡོད། ཁོང་ནི་ལི་ཐང་རྫོང་རྟ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་ཞིང་། ཁོང་ས་གནས་མང་པོར་ལི་ཐང་གི་ས་བབ་ལ་འཕྲོད་པའི་རྟ་རིགས་འཚོལ་སར་སོང་བ་དང་ཆབས་ཅིག། རྟ་རྩལ་ཤེས་ལྡན་མི་སྣ་རྒྱ་ཁྱབ་ཏུ་བཀུགས་ཏེ་ལི་ཐང་རྟ་རྒྱུག་གི་བྱ་གཞག་གོང་ནས་གོང་དུ་འཕེལ་བར་བྱས་ཤིང་། ལི་ཐང་གི་བརྒྱད་གཅིག་རྟ་རྒྱུག་དུས་ཆེན་ཞེས་སྐད་གྲགས་ཕྱོགས་ཀྱི་བུ་མོའི་རྣ་བའི་རྒྱན་དུ་བཏགས། རྟ་རྩལ་རིག་གནས་རྒྱུན་འཛིན་ཡག་པོ་བྱ་ཐུབ་པའི་ཆེད་དུ་ཁོང་གིས་རྟ་རྩལ་སློབ་ཁྲིད་དེ་སློབ་གྲྭ་ཆུང་འབྲིང་གི་ལུས་པོའི་བྱང་ཚད་སློབ་གསོའི་ཁྱབ་ཁོངས་སུ་འཛུད་པའི་གྲོས་མགོ་བཏོན་པར་གཞུང་གིས་དང་ལེན་བྱས་ནས་ལག་ལེན་བསྟར་ཐུབ་ཡོད་ཅིང་། སློབ་མ་ཚོ་སློབ་ཁང་ནས་རྟ་རྩལ་ཐང་དུ་བསྐྱོད་ཐུབ་པ་བྱུང་བ་དེས་གཅིག་ཏུ་སློབ་མ་ཚོས་སྲོལ་རྒྱུན་རིག་གནས་ལ་བཅངས་པའི་སྤྲོ་སེམས་བསླང་ཐུབ་པ་དང་། གཉིས་སུ་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དར་སྤེལ་ཐུབ་ཅིང་། གསུམ་དུ་ཡུལ་སྐོར་འཕེལ་རྒྱས་ལ་རོགས་སྐུལ་ཐུབ་པ་བཅས་ཀྱི་ཕན་འབྲས་ཆེན་པོ་ཞིག་མིག་མཐོང་ལག་ཟིན་དུ་ཐོན་ཡོད། 

ཚེ་གཅིག་རྟ་དང་འགྲོགས་ཏེ་རྟ་རྒྱུག་སྙིང་སྟོབས་ཤ་རུས་གསེང་ལ་ཐིམ། 

ལི་ཐང་འབྲོག་ཁུལ་དུ་དུད་ཚང་སོ་སོར་རྟ་ཁ་ཤས་མེད་མཁན་མེད། ཕྲུ་གུ་ཚོ་ཕ་མའི་ཤུགས་རྐྱེན་འོག་ཏུ་ཆུང་དུས་ནས་རྟ་ཞོན་ཏེ་རྩྭ་ཐང་དུ་བང་རྩལ་འགྲན་གྱི་ཡོད་པས། རྟ་རྒྱུག་པའི་དུས་སུ་སྐྱ་མི་བདེ་ལྕག་སྐྱེན་པོ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། དེ་ནི་ལི་ཐང་རྟ་རྒྱུག་གི་ལུགས་སྲོལ་མི་ཉམས་ཡུན་དུ་བརྟན་པའི་རྒྱུ་མཚན་གཙོ་བོ་ཡིན་པ་རེད། དུས་རབས་གོང་མའི་ལོ་རབས60ཡི་སྔོན་ལ། ལོ་རེའི་བོད་ཟླ་དྲུག་པར་ལི་ཐང་དགོན་གྱིས་བསང་མཆོད་དུས་སྟོན་སྤེལ་བ་དང་བསྟུན་ནས་མི་རྣམས་དེར་ཞུགས་རྗེས་རྟ་རྒྱུག་ར་བར་ཕྱིན་ནས་རྟ་རྒྱུག་པའི་སྲོལ་ཡོད། བློ་བཟང་བསམ་འཕེལ་གྱི་ཨ་ཕ་ཡང་རྟ་རྒྱུག་མཁན་ཞིག་ཡིན་ལ། ཁོས་རྟ་རྒྱུག་དང་རྟ་རྩལ་གྱི་དུས་ཚོད་ཉིན་གཅིག་གིས་མི་འདང་བར་སྙམ་ནས་མཐོ་སྒང་ཡུལ་ཤོག་གི་མཚེ་མ་གྲོང་སྡེར་འདོད་བློ་ཡོད་པའི་ཡུལ་མི་རྣམས་སྒྲིག་འཛུགས་བྱས་ནས་རྟ་རྒྱུག་དང་རྟ་རྩལ་གྱིས་གཙོས་པའི་རིག་རྩལ་བྱེད་སྒོ་སྤེལ་བ་དང་། ཕྱིས་སུ་ཞུགས་མཁན་ཇེ་མང་ནས་ཇེ་མང་དུ་སོང་བར་བརྟེན་ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་བྱས་ཏེ་རྟ་རྒྱུག་དང་རྟ་རྩལ་ར་བ་གྲོང་སྡེ་ནས་ཡུལ་ཤོག་ཏུ་སྤོས་པ་རེད། སྤྱི་ལོ1964ལོའི་བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི་ཉིན་མོར་བློ་བཟང་བསམ་འཕེལ་གྱི་ཨ་ཕའི་རེ་ཞུ་འོག་རྟ་རྒྱུག་དང་རྟ་རྩལ་ལ་དགའ་བའི་ཡུལ་མི་ཚོ་ལི་ཐང་རྫོང་གི་དམག་དཔུང་གཉིས་ཀྱི་མཉམ་སྤྲོ་བྱེད་སྒོར་ཞུགས་ཐུབ་པ་དང་བསྟུན་ནས་དམག་དམངས་མཉམ་སྤྲོའི་མགོ་ཡང་ཐོག་མར་བརྩམས། 1969ལོའི་བརྒྱད་གཅིག་དམག་འཛུགས་དུས་ཆེན་ལ། ལི་ཐང་རྫོང་གིས་རྟ་རྒྱུག་འགྲན་ཚོགས་དངོས་སུ་སྤེལ་མགོ་བཙུགས་ཤིང་། ཡུལ་དམག་དང་ན་གཞོན་གྱིས་གཙོས་པའི་རྟ་རྒྱུག་དང་རྟ་རྩལ་འགྲན་སྡུར་སྤེལ་བར་ཕུད། ད་དུང་དམག་རྩལ་དང་རིག་རྩལ་སྐོར་གྱི་འཁྲབ་སྟོན་ཀྱང་བྱས་པ་རེད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་ནས་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མང་ཚོགས་ཀྱི་རིག་གནས་ལུས་རྩལ་བྱེད་སྒོ་དང་དམག་བཀུར་དམངས་གཅེས་ཀྱི་བྱེད་སྒོ་སྤེལ་ཤུགས་ཆེ་རུ་བཏང་བར་བརྒྱུད་ནས་བརྒྱད་གཅིག་རྟ་རྒྱུག་དུས་ཆེན་ཇེ་རྒྱས་སུ་སོང་ཞིང་། རིམ་པར་མཚོ་བོད་མཐོ་སྒང་དུ་སྐད་གྲགས་ཡོད་པའི་རྟ་རྒྱུག་འདུ་ཚོགས་སུ་གྱུར། བློ་བཟང་བསམ་འཕེལ་གྱི་ཨ་ཕ་རྟ་ལ་དགའ་ཞིང་རྟ་རྒྱུག་རྟ་རྩལ་རིག་གནས་ལ་བརྩེ་འདང་ཐུན་མོང་མ་ཡིན་པ་ཞིག་ཡོད་པར་བརྟེན་བློ་བཟང་བསམ་འཕེལ་གྱི་ན་ཕྲ་བའི་སེམས་སུ་ཡང་རྟ་དང་རྟ་རྒྱུག་རྟ་རྩལ་དང་འབྲེལ་བའི་བག་ཆགས་ཟབ་མོ་ཞིག་བཞག་ཡོད། བློ་བཟང་བསམ་འཕེལ་གྱིས2010ལོ་ནས་བཟུང་ངས་དམངས་ཁྲོད་ཀྱི་རྟ་རྩལ་འགྲན་སྡུར་གྲ་སྒྲིག་བྱེད་མགོ་བཙུགས་ཡོད། རང་གིས་འགྲོ་སོང་ཕུལ་ནས་རྟ་རྒྱུག་འགྲན་སྡུར་སྤེལ་བ་ཡིན་ཞེས་བཤད་ཅིང་། དེ་ལོ་ནས་ཁོང་དང་གྲོགས་པོ་ཁ་ཤས་ཀྱིས་གྲོང་སྡེར་རྟ་རྒྱུག་འགྲན་སྡུར་ཆུང་གྲས་སྤེལ་བ་རེད། 2013ལོར་བློ་བཟང་བསམ་འཕེལ་གྱིས་རྟ་རྒྱུག་ར་བ་ཞིག་གཡར་རྒྱུ་རག་ནས་རྟ་རྒྱུག་ཅུང་ཚད་དང་ལྡན་པ་ཞིག་སྤེལ་ཐུབ་ཡོད། ཁོང་གིས་གལ་ཏེ་རྟ་རྒྱུག་མེད་ན་ཁམས་པའི་ཕོ་རྒོད་ཀྱི་བློ་སྟོབས་དང་སྤོབས་པ། བླ་སྲོག་བཅས་མེད་སོང་ནི་རེད། ངའི་ཕུགས་བསམ་ནི་ལི་ཐང་གི་རྟ་རྒྱུག་རིག་གནས་ཁྱབ་སྒྲོག་བྱ་རྒྱུ་དེ་ཡིན། དེ་ནི་དཔེ་མི་སྲིད་པའི་བྱ་བ་ཞིག་རེད་ཅེས་བཤད། 2017ལོར་རྫོང་ཨུའི་འབྲེལ་ཡོད་མགོ་ཁྲིད་ཀྱིས་ཁོང་ལ་ལི་ཐང་རྟ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་བྱས་ནས་རྟ་རྒྱུག་བྱེད་སྒོ་རྒྱུན་ཆད་མེད་པར་སྤེལ་དགོས་པའི་བསམ་ཚུལ་བཤད་པ་དང་། ཁོང་གིས་དེ་མ་ཐག་དང་ལེན་ཞུས་པ་རེད། བློ་བཟང་བསམ་འཕེལ་གྱིས་རྟ་རྒྱུག་ནི་འགྲན་སྡུར་རྐྱང་པ་ཙམ་དུ་མ་ཡིན་ལ་སྙིང་སྟོབས་ཤིག་དང་རིག་གནས་ཤིག་ཀྱང་ཡིན། དེར་མ་ཟད་ད་དུང་ལི་ཐང་གི་ཡུལ་སྐོར་དང་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐུལ་ཡང་བྱེད་ཐུབ་ཀྱི་རེད་ཅེས་བཤད། དེའི་རྗེས་ཀྱི་ལོ་ཁ་ཤས་ཀྱི་ནང་དུ། ལི་ཐང་གི་རྟ་རྒྱུག་བྱ་གཞག་གོང་འཕེལ་དུ་གཏོང་ཆེད། ཁོང་ཡུར་གུ་དང་ནང་སོག། ཀན་སུའུ་སོགས་སུ་ཕྱིན་ནས་ལི་ཐང་གི་ས་བབ་ལ་འཕྲོད་པའི་རྟ་རིགས་བཙལ་ཏེ་རྒྱུད་བཟང་འདྲེས་རྟ་གསོ་སྤེལ་བྱས་པ་རེད། 2018ལོར་ཁོང་གིས་མི20ལྷག་ཡོད་པའི་ཚོགས་པ་ཞིག་བཙུགས་ནས་མུ་མཐུད་དེ་རྟ་རྒྱུག་རིག་གནས་ལ་ཞིབ་འཇུག་བྱས། ཁོང་གིས་ངའི་མི་ཚེ་གཅིག་རྟ་དང་མཉམ་དུ་འགྲོགས་ཡོད། ད་ལྟ་རྟའི་ཚབ་ཏུ་དེང་རབས་ཀྱི་འགྲིམ་འགྲུལ་ཡོ་བྱད་ཡོད་མོད། འོན་ཀྱང་མི་རབས་ནས་མི་རབས་བརྒྱུད་ཡོང་བའི་རྟ་རྩལ་འདོར་རྒྱུ་མེད། རྟ་རྒྱུག་རིག་གནས་ཀྱི་རྒྱུན་ཆད་དུ་འཇུག་རྒྱུ་མེད། ངེས་པར་དུ་རྒྱུན་འཛིན་ཡག་པོ་བྱ་དགོས་ཞེས་བཤད། 

མཛའ་བརྩེ་ཟབ་མོ་རྟའི་ངོ་ནས་ཆགས་ཤིང་ཤེས་ལྡན་མི་སྣ་ལྷག་པར་གཅེས། 

བློ་བཟང་བསམ་འཕེལ་གྱིས་སྐུལ་འདེད་ཤུགས་ཆེན་བྱས་འོག་ལི་ཐང་རྫོང་གིས་ན་ལོ་ནས་བཟུང་འགྲན་སྡུར་རབ་རིམ་སྤེལ་ཏེ་རྟ་རྒྱུག་གི་གཞི་སྟེགས་ཤིག་ཆགས་ཡོད། བློ་བཟང་བསམ་འཕེལ་གྱིས་ད་དུང་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་རྟ་གྲོགས་རྣམས་ལ་ལི་ཐང་དུ་རྟ་རྒྱུག་འགྲན་སྡུར་དང་སློབ་སྦྱོང་སྤེལ་རེས་བྱེད་དུ་ཡོང་བའི་གདན་ཞུ་བྱས། 2006ལོར་ཡུན་ནན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་རྟ་རྒྱུག་འགྲན་སྡུར་སྤེལ་བའི་ཚེ། བདེ་ཆེན་རྫོང་རྟ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཚུའེ་ཅན་གོ་ཡིས་རེ་ཞུ་ལྟར་བློ་བཟང་བསམ་འཕེལ་གྱིས་ཁོར་རྟ་རིགས་ཡག་པོ18ཉོ་རོགས་བྱས་པའི་ཐོག་རྟ་ཕོ་རྒྱུད་བཟང4བྱིན་ཡོད། ཁོང་གིས་ཚུའེ་ཅན་གོ་ལ་གོ་སྐབས་ཡག་པོ་འདི་དམ་འཛིན་བྱས་ནས་བྱེད་སྒོ་ཡག་པོ་སྤེལ་དགོས་ཚུལ་ཡང་ཡང་ཞུས། རྟ་རྒྱུག་གི་བྱ་གཞག་ཐད་ལ་ཁོང་ཚོས་ཁང་གཞིས་དང་རླངས་འཁོར་སོགས་འཚོང་དགོས་བྱུང་ཡང་འགྱོད་པ་མེད་ཅིང་། རྟའི་ངོ་ནས་ཁོང་གཉིས་བར་གྱི་མཛའ་བརྩེ་ཟབ་མོ་ད་བར་དུ་རྒྱུན་སྐྱོང་བཞིན་ཡོད། ད་ལོར་ལོ21སོན་པའི་ལི་ཐང་རྫོང་གེ་མོ་ཡུལ་ཤོག་ནས་ཡོང་བའི་ཨོ་རྒྱན་ཉི་མ་ནི་བློ་བཟང་བསམ་འཕེལ་གྱི་སྐྱ་མི་ཡག་ཤོས་རེད། ཁོས་རྟ་རྒྱུག་འགྲན་བསྡུར་མང་པོའི་ནང་དུ་བྱ་དགའ་ཨང་དང་པོ60ལྷག་རག་མྱོང་། བློ་བཟང་བསམ་འཕེལ་གྱིས་ཆེད་ལས་མི་སྣ་བཀུགས་ནས་ཨོ་རྒྱན་ཉི་མར་ཁྲིད་སྟོན་བྱེད་པར་མ་ཟད། ཟླ་བ་རེར་ཁོ་ལ་གླ་ཕོགས་སྒོར3000ནས5000བར་སྤྲད་པ་དང་། བྱ་དགའ་ལོན་ན་བྱ་དགའི་སྒོར་མོའི་བརྒྱ་ཆ15ཁོ་ལ་སྦྱིན་རྒྱུའི་ཁས་ལེན་ཡང་བྱས། བློ་བཟང་བསམ་འཕེལ་རྟ་ལ་དགའ་ཞིང་ཤེས་ལྡན་མི་སྣ་ལ་དེ་བས་ཀྱང་དགའ། ཁོང་གི་སེམས་ཕུགས་སུ་ཕ་ཡུལ་གྱི་རྟ་རྒྱུག་རིག་གནས་ཁྱབ་སྤེལ་གཏང་རྒྱུའི་རེ་བ་ཉར་ཡོད། དེ་སྔོན་མི་ཞིག་གིས་སྒོར་ཁྲི20བྱིན་ནས་ཁོང་གི་རྟ་གཡུ་འབྲུག་ལྡིང་ཤེས་ཉོ་འདོད་ཡོད་ཀྱང་ཁོང་གིས་བཙོང་བྲ་མེད། འོན་ཀྱང་རྗེས་སུ་རིན་པ་མི་དགོས་པར་དྲྭ་གྲགས་བསྟན་འཛིན་ལ་བྱིན་པ་རེད། ཁོང་གིས་བསྟན་འཛིན་གྱིས་ཕ་ཡུལ་གྱི་སྐད་གྲགས་ཆེ་རུ་གཏོང་བར་བྱས་རྗེས་ཆེན་པོ་བཞག་ཡོད། ཁོའི་ཕུགས་བསམ་ནི་རྟ་རྒྱུག་རྒྱལ་བུ་བྱ་རྒྱུ་ཡིན་པས་གཡུ་འབྲུག་ལྡིང་ཤེས་ཀྱིས་ ཁོའི་རེ་བ་འགྲུབ་སྲིད་ན་ཐང་། དེ་དང་ཆབས་ཅིག་བསྟན་འཛིན་དང་གཡུ་འབྲུག་ལྡིང་ཤེས་དང་འགྲོགས་ནས་མུ་མཐུད་དེ་ང་ཚོའི་ཕ་ཡུལ་ལི་ཐང་དྲིལ་བསྒྲགས་གཏང་རྒྱུ་དང་རང་རེའི་དཀར་མཛེས་ཁུལ་རྒྱལ་ཕྱི་ནང་ཀུན་ཏུ་སྐད་གྲགས་འགྲོ་བའི་རེ་བ་ཡོད་ཅེས་བཤད་པ་རེད། རྟ་རྒྱུག་བྱེད་སྒོ་དེ་ལི་ཐང་གི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ལས་གཞི་གལ་ཆེན་དུ་འཕེལ་རྒྱས་གཏང་བ་ཡིན་ན་ལི་ཐང་རྫོང་ལ་ཚོང་དོན་གྱི་གོ་སྐབས་མང་པོ་འབྱུང་ཐུབ་ལ། ལི་ཐང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡང་སྐུལ་ཤུགས་ཆེན་པོ་ཐེབས་ཐུབ་ཅེས་ཀྲུང་གོའི་རྟ་ལས་མཐུན་ཚོགས་ཀྱི་ལས་འཛིན་དབྱང་ཀྲི་ཞའོ་ཡིས་དེ་ལྟར་བཤད་པ་རེད།

 རྟ་རྩལ་རིག་གནས་ས་བོན་བྱིས་པའི་སེམས་སུ་བཏབ་ནས་འབྲས་བུ་སྨིན། 

དེ་རིང་སློབ་འབྲིང་ལོ་རིམ་དང་པོའི་སློབ་མའི་སློབ་ཚན་རེད། སློབ་མ་ཚོར་རྟ་ཐོག་གི་འཁྲབ་རྩལ་ཞིག་བསྩལ་ན་ཅི་འདྲ་རེད་ཅེས་བློ་བཟང་བསམ་འཕེལ་གྱིས་ཚོགས་པའི་གྲུབ་མི་ཚོར་དེ་ལྟར་བཤད་ཅིང་ཁོང་ཚོ་སྔ་ས་ནས་རྟ་རྒྱུག་ར་བར་སློབ་མ་ཚོ་སྒུག་བཞིན་ཡོད། ན་གཞོན་ཚོས་རྟ་རྩལ་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་ཐུབ་ཆེད། ལི་ཐང་རྫོང་གིས་རྟ་རྩལ་སློབ་ཁྲིད་དེ་སློབ་གྲྭ་ཆུང་འབྲིང་གི་ལུས་རྩལ་བྱང་ཚད་སློབ་གསོའི་ཁྱབ་ཁོངས་སུ་བཞག་པ་དང་། བརྒྱད་གཅིག་རྟ་རྒྱུག་ར་བ་ནི་ལི་ཐང་རྫོང་གི་ན་གཞོན་རྟ་རྩལ་རིག་གནས་ཀྱི་སློབ་གསོའི་རྟེན་གཞིར་གྱུར་ཅིང་། རྫོང་མཁར་གྱི་སློབ་ཆུང་ལོ་རིམ4པ་དང5པ། 7པ། 8པ་བཅས་ལ་ཁྱད་ཆོས་ལུས་རྩལ་གྱི་སློབ་ཚན་ཁྲིད་པ་རེད། བློ་བཟང་བསམ་འཕེལ་གྱིས་ལུས་རྩལ་སློབ་ཚན་དེ་རྟ་རྒྱུག་ར་བར་སྤོས་པ་དང་རྟ་རྩལ་སློབ་ཁྲིད་སློབ་གྲྭར་ཞུགས་པ་ནི་རང་ཁུལ་དང་ཐ་ན་ཞིང་ཆེན་ལ་མཚོན་ན་ཐེངས་དང་པོ་ཡིན། དེ་ནི་ལི་ཐང་རྫོང་གིས་སློབ་གྲྭ་ཆུང་འབྲིང་གི་བྱང་ཚད་སློབ་གསོར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ད་ལོ་ནས་བཟུང་། ང་ཚོས་མུ་མཐུད་དེ་རྟ་རྩལ་ཁྱད་ཆོས་ཀྱི་ལུས་རྩལ་སློབ་ཁྲིད་བྱས་ཏེ། སློབ་མ་ཚོས་རྟ་རྒྱུག་ར་བ་ནས་སྲོལ་རྒྱུན་རིག་གནས་སློབ་སྦྱོང་བྱེད་ཐུབ་པ་བྱ་རྒྱུ་ཡིན། བྱིས་པ་ཚོས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཐུབ་པ་དང་ཡུལ་སྐོར་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ་པ་ང་རང་ལ་ཡིད་ཆེས་ཡོད་ཅེས་བཤད། རྒྱུས་ལོན་བྱུང་བ་ལྟར་ན། ལི་ཐང་རྫོང་གིས་མི་རིགས་རིག་གནས་ཁྱབ་སྤེལ་གཏོང་བར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བའི་ཁར་འབྲེལ་ཡོད་སྲིད་ཇུས་ཀྱང་བཏོན་ཡོད། ན་ལོ་ནས་བཟུང་། རྟ་རྒྱུག་མཐུན་ཚོགས་ཀྱིས་སྦྱོང་བརྡར་དུ་བཀོལ་བའི་རྟ་བདམས་པ་དང་ཆེད་ལས་ཀྱི་རྟ་རྩལ་དགེ་རྒན་ལ་གསོ་སྦྱོང་བྱས་ཏེ་སློབ་མའི་རྟ་རྩལ་སློབ་ཁྲིད་སྐོར་གྱི་གྲ་སྒྲིག་བྱས་ཡོད། ལོ་གཅིག་རིང་ལ་གྲ་སྒྲིག་བྱས་རྗེས་སྦྱོང་བརྡར་དུ་བཀོལ་བའི་རྟ30དང་། རྟ་རྩལ་དགེ་རྒན9དང་། རིགས་གཞུང་ཤེས་བྱ་ཁྲིད་མཁན་དགེ་རྒན6བཅས་ཡོད། སློབ་མ་ཚོས་སློབ་ཡོན་གང་ཡང་སྤྲད་མི་དགོས་པའི་ཐོག་སྤྱི་འགྲུལ་རླངས་འཁོར་བཀོད་སྒྲིག་བྱས་ནས་དགེ་སློབ་ཚོ་ཕར་སྐྱེལ་ཚུར་བསུ་བྱེད་ཀྱིན་ཡོད། དགེ་རྒན་ཚོས་སློབ་ཁྲིད་འཆར་གཞི་ལྟར་ཚོ་ཁག་བགོས་ནས་སློབ་ཁྲིད་བྱེད་པ་དང་། འཛིན་བདག་དང་ལུས་རྩལ་དགེ་རྒན་རྗེས་སུ་འབྲངས་ནས་སློབ་མར་ཉེན་ཁ་མི་ཡོང་བར་ཁག་ཐེག་བྱས་པ་རེད། བློ་བཟང་ཆོས་འཕེལ་གྱིས་ང་ཚོས་སློབ་མའི་སློབ་རིམ་མི་འདྲ་བར་གཞིགས་ནས་རྟ་རྩལ་སློབ་ཚན་ཁག་གསུམ་ལ་བགོས་པ་སྟེ། རྟ་རྩལ་གྱི་རིགས་གཞུང་ཤེས་བྱ་འཁྲིད་རྒྱུ་དང་། རིགས་གཞུང་དང་ལག་ལེན་ཟུང་དུ་སྦྲེལ་བ། རྟ་ཞོན་པ་དང་རྟ་རྒྱུག་པ་བཅས་རེད་ཅེས་བཤད་དོ།། 




  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་གི་ས་མིང་རིག་གནས་སྐོར་གྱི་བགྲོ་གླེང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།