མཚོ་ལྷོའི་ཕྱོགས་ནས་མཚོ་ལྷོ་བར་བསྐུར་བའི་འཕྲིན་ཆུང་དུང་གི་སྒྲ་དབྱངས།

མགར་ཐང་དཀར།        2021-08-27

དབྱངས་གསལ་སོ་བཞི་ཡི་ཁྱིམ།།

དབྱངས་ཅན་མགྲིན་པ་ནེམ་པོ།།

བརྡ་སྤྲོད་དག་ཡིག་གི་སྡེ།།

ལྷག་བསམ་གསེར་གྱི་ནོར་བུ།།

བརྩོན་པའི་གཤོག་སྟེང་གི་རྒྱན།།

སྙན་ཚིག་ནོར་བུའི་དོ་ཤལ།།

མེས་པོའི་རྡོ་རིང་གི་བཅུད།།

ཕ་ཡིག་གཡུ་ཡི་མཎྜལ།།

སྣང་བའི་བང་རིམ་གྱི་སྟོབས།།

ཕ་སྐད་དངུལ་གྱི་གླིང་བུ།།

རེ་སྨོན་ཏིང་འཛིན་གྱི་ཞིང་།།

གངས་ཅན་ཆོས་ཀྱི་བསྟི་གནས།།

སོམས་ཤིག་སྣོད་ལྡན་གྱི་ཚོགས།།

འུ་ཚོའི་མིང་བྱང་གང་རེད།།

ཉོན་ཅིག་བརྡ་འཕྲིན་གྱི་བུ།།

ཕ་སྐད་དགོས་གལ་ཆེའམ།།

ཞིབ་པར་འདི་ལྟ་སྟེ་བཤད།།

མཚོ་ལྷོའི་བུ་དང་བུ་མོ།།

རང་ཡུལ་གད་པ་ལས་སྐྱིད།།

ཕ་ཡིག་ཁང་པ་སྐྱ་ལེབ།།

རང་ཁྱིམ་ཉི་ཟེར་ལས་དྲོད།།

ཕ་སྐད་བལ་གྱི་གདན་དཀར།།

ཞེ་སེམས་འོ་མ་ལས་དྭངས།།

དུང་སོ་སུམ་ཅུའི་རང་མདངས།།

མཐུན་སྒྲིལ་ལྕགས་ཐག་ལས་དམ།།

ལག་རྡང་ཉི་ཟླ་ཁ་སྤྲོད།།

འདྲེན་བྱེད་རྒྱང་རིང་ལ་སྐོར།།

འཇིག་རྟེན་ས་ཡི་གོ་ལ།།

ཕུགས་འདུན་ཟབ་ས་ནས་གཉོར།།

སྐད་ཡིག་རྡོ་རྗེ་ཕ་ལམ།།

ལྦུ་ཆང་ཟློས་གར་གྱི་གཞི།།

རྩ་ཉོན་ལྷོད་པོ་མ་གནང་།།

སྦྲགས་སྐད་སྙིང་རླུང་གི་ནད།།

བརྡ་དག་སྨན་མཆོག་བརྟེན་ཅིག།

རུས་རྒྱུད་ལོ་རྒྱུས་ཀྱི་མཐུ།།

རང་བྲོ་ཁུག་མར་རྒྱོབས་ཤིག།

ཀྱེ་ཀྱེ་མཚོ་ལྷོ་བའི་ཚོགས།།

ཞེ་སེམས་རླུང་ལ་མ་སྐུར།།

སྙིང་ལ་བཞག་པ་ཡི་རྟེན།།

ཕ་ས་ནོར་བུ་དགའ་འཁྱིལ།།

ལས་དང་སྨོན་ལམ་གྱི་ཞིང་།།

བསགས་པ་ལྷ་ཡི་གདུལ་ཞིང་།།

གངས་རི་ཤེལ་དཀར་གྱི་ཡུལ།།

ངེད་ཀྱི་ཕ་ས་ཕ་ཡུལ།།

སྲུངས་ཤིག་མཚོ་ལྷོ་བའི་སྡེ།།

སྣོད་བཅུད་དག་པར་གྱིས་ཤིག།

བསླབ་པ་སློབ་གཉེར་ནི་བྱོས།།

ཕ་སྐད་ཕ་ཡིག་རླབས་ཆེན།།

གནས་འདི་སྙན་ངག་ཞིང་།།

མཚོ་སྔོན་ཁྲི་ཤོར་རྒྱལ་མོ།།

ཡུལ་འདི་དབྱངས་གསལ་གྱི་པང་།།

མཚོ་ལྷོ་འབྲོག་སྡེ་གྲངས་མེད།།

སོམས་ཤིག་ཤེས་རིག་གི་བུ།།

ཕ་ཡུལ་རེ་སྦྲ་སྨུག་པོ།།

ཉོན་ཅིག་སྒྱུ་རྩལ་གྱི་ཁམས།།

ཕ་ས་གཡང་གི་འབྲོག་སྡེ།།



  • ལེ་ཚན་སྔོན་མ།:རེ་ཞུ།
  • ལེ་ཚན་རྗེས་མ།:དབྱངས་གསལ་སོ་བཞི།