རྣམ་རྟོག་གི་གླུ།

རབ་དབྱངས།        2021-08-31

རྣམ་རྟོག་འཁྲུལ་བའི་བསྡུས་གཟུགས་ལ།།

བརྩེ་བའི་སྤྱན་རས་ལྷོད་ཀྱིས་གཟིགས།།

རྟེན་འབྱུང་ངག་གི་ཚིག་ཚོགས་དག།

མ་བཅིངས་སིལ་བུར་འཐོར་བའི་རྗེས།།

བདག་གི་སེམས་ཉིད་གློ་བུར་འདར།།

དབྱངས་ཅན་འཕྲུལ་བའི་ཟླ་བ་ལ།།

སྣང་ཚོར་གཉོམ་པོ་བསྟར་བའི་རྗེས།།

སྙིམ་པར་ལྷུང་བའི་དབྱངས་རྟ་འདི།།

གྲིམ་ལྷོད་གདངས་བའི་རོལ་མོ་བཞིན།།

སྣང་བའི་ཕྱི་རོལ་འཇགས་པ་མེད།།

མཐའ་མེད་ནམ་མཁའི་ངོས་ཡངས་སུ།།

འཕྲུལ་སྣང་མེ་ཏོག་བསླས་པའི་རྗེས།།

སྙན་འཇེབས་ཚིག་གི་ཟིལ་བ་འདི།།

ཉི་འོད་རྗེས་ཀྱི་འཇའ་ཚོན་བཞིན།།

སྐད་གཅིག་གདུང་བའི་རྣམ་པ་མངོན།།

བར་ཐག་བཞད་པའི་མེ་ཏོག་འདི།།

ནམ་རེ་སྐྱོ་སྨུག་རླུང་དང་འདྲེས།།

བདག་གི་སྐྱེད་ཚལ་མངོན་རྗེས་སུ།།

སྐྱེ་མཆེད་མེ་ལོང་དྭངས་བ་ན།།

སེམས་ཀྱི་འཁྲིས་སུ་སྔར་བཞིན་ལྡང་།།

སྐབས་རེ་བྲེལ་གདུང་གླུ་ཞིག་ལེན།།

ཅི་ཡིན་སྙམ་པའི་རྟོག་ཚོར་འོང་།།

སྒྱུ་འཕྲུལ་བཀོད་པའི་འཆར་རྟོག་ལ།།

ལྷ་མོའི་མགྲིན་པ་སངས་སངས་རྒྱུ།།

ང་ཡི་དྲན་འཛིན་ཡང་ཡང་བསྒུལ།།

ཚིག་གི་སྡེབ་རིས་སྔོན་པོའི་སྟེང་།།

ཀུན་རྫོབ་སྒྱུ་མའི་གླུ་འདི་དཀྲོལ།།

ཕྱི་འཕྲེད་ཉི་མའི་གྲིབ་བསིལ་འོག།

ལས་མཐུན་ཚེ་ཡི་མེ་ཏོག་ལ།།

ཞེ་འདང་སྨུག་པ་སྔར་བཞིན་དྭངས།།

དུས་ཚོད་འདི་ཡི་ཕྱེད་ཡོལ་ནས།།

སྣང་བརྙན་འདི་ཡི་ཁ་མདོག་ལ།།

དགའ་སྐྱོ་ཟུང་གི་གྲིབ་མ་བརྡོལ།།

རྨི་ལམ་འཚུབ་མའི་འཁྲུལ་བ་ལ།།

ང་ཡི་མདུན་གྱི་གཙང་པོ་བཞུར།།


  • ལེ་ཚན་སྔོན་མ།:དྲན་གདུང་གི་རླབས།
  • ལེ་ཚན་རྗེས་མ།:སེམས་ཀྱི་སྨྲེང་བ།