དྲན་གདུང་གི་རླབས།

རབ་དབྱངས།        2021-08-31

དྲན་གདུང་ཚིག་གིས་མདུད་པ་བྲིས་ན། །

ཞེ་འདང་ཟེར་བ་རྙེད་རྒྱུ་མི་འདུག །

ལས་སྐལ་བོར་བའི་རྒྱང་རིང་ཞིག་ན། །

སེམས་ཀྱི་སྨོན་པ་རི་རབ་འདི་ཡིན། །

མི་ཚེའི་འདུན་པ་སྨུག་རླུང་གཡོ་དུས། །

གདུང་བའི་སེམས་ཀྱི་ཨ་ཐང་ཆད་སོང་། །

ཚིག་ལ་བྲིས་པའི་རི་མོ་སྤར་གང་། །

བར་ཐག་མཚོན་གྱི་མཇལ་བ་ཞིག་ཡིན། །

མི་ཚེ་ཉི་མའི་ལམ་འགྲམ་འདི་ནི། །

དབྱངས་དང་ཚིག་གི་མཚོན་པ་མི་ནུས། །

འདིར་སྣང་ལས་ཀྱི་རྫོགས་ཚིག་རེ་ལ། །

ངལ་དུབ་སྐྱོ་ཤས་མང་དུ་སྟེར་སོང་། །

སེམས་ཀྱི་རྒྱང་རིང་མཐོང་བ་མ་ནུས། །

བརྩེ་འགྲམ་ཐོལ་གླུ་མང་དུ་བྲིས་ཡོད། །

ཞེ་འདང་མཚོན་པའི་བླ་གཡུ་འདི་ལ། །

ལས་འཕྲོ་ཚིག་གི་མདུད་པ་བྲིས་ཡོད། །

རྒྱང་བཞུད་ཉི་མ་དགུང་ནས་རུབ་ཚེ། །

སེམས་ཀྱི་ཁྲེལ་གཞུང་ཟླ་བས་བརླན་སོང་། །

རྣམ་རྟོག་བོར་བའི་དབྱངས་གསལ་འདི་དག །

གནམ་སྔོན་གཞུང་ལ་ཡུན་རིང་མཆོད་ཡོད། །

དྲན་གདུང་ངག་གི་རླབས་ཕྲེང་འདི་ནི། །

ལོ་ཟླའི་གནམ་སྔོན་མཐའ་ལ་འཁྲིགས་འདྲ། །

མི་སེམས་རྣམ་རྟོག་འཕྱུར་ཐེངས་འདི་ནི། །

རི་གྲོང་རླུང་བུ་མཐའ་ལ་རྒྱུ་འདྲ། །

མི་སྡོད་ལས་ཀྱིས་གཙང་པོ་འདི་ནི། །

ལས་ཀྱི་བསྐོས་པའི་དར་ཐག་ཡིན་འདྲ། །

རྗེས་ཆགས་བརྩེ་བའི་རླབས་རིས་འདི་ནི། །

དགའ་སྐྱོའི་རླབས་ཀྱི་ཟེགས་མ་ཡིན་འདྲ། །

མི་སེམས་སྣང་བ་ཐག་ཉེ་ཐག་རིང་། །

བརྩེ་བ་རླབས་ཀྱི་འཕྱུར་སྟངས་འདི་ལ། །

མ་བཅོས་བརྩེ་བའི་རླབས་སྒྲ་འདི་ལ། །

མ་བྲིས་སེམས་ཀྱི་གསུབ་རྒྱུ་མི་འདུག །

ཞེ་འདང་སྣང་བ་སྤྲིན་དཀར་འཛུམ་འདྲ། །

ཞེ་སེམས་རི་མོ་གྱང་ལ་བྲིས་པ། །

ཞེ་གདུང་ཡིད་ཀྱི་རླབས་ཕྲེང་འདི་ནི། །

ཞེ་ཡི་གནའ་གཏམ་ལོས་ཡིན་བསམ་སོང་། །


  • ལེ་ཚན་སྔོན་མ།:དབྱངས་གསལ་སོ་བཞི།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།