རང་ཁུལ་གྱིས་ནགས་ཚལ་དང་རྩྭ་ཐང་གི་སྐྱེས་ཁམས་འཛུགས་སྐྱོང་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་།

རྟ་མགྲིན་རྡོ་རྗེས་བསྒྱུར་ཞུས་བྱས།        2021-09-06

རང་ཁུལ་གྱིས་ནགས་ཚལ་དང་རྩྭ་ཐང་གི་སྐྱེས་ཁམས་འཛུགས་སྐྱོང་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་།
གསེར་ཐར་རྫོང་ནགས་ལས་ལག་རྩལ་པས་འབྲོག་པའི་མང་ཚོགས་ལ་ཤིང་སྡོང་འཛུགས་སྟངས་སློབ་བཞིན་པ།

2016ལོ་ནས་བཟུང་། ཁུལ་ཡོངས་ནགས་ཚལ་དང་རྩྭ་ཐང་ཁོངས་གཏོགས་ཀྱིས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེས་ཁམས་དཔེ་སྟོན་ས་ཁུལ་གྱི་ཚད་དཔོག་ལ་གཞི་བཙུགས་ནས་བློ་བརྟན་འགྱུར་མེད་ཀྱིས་སྐྱེས་ཁམས་དཔལ་ཡོན་འཛུགས་སྐྱོང་གི་འཐབ་ཇུས་ལག་བསྟར་བྱས་པར་བརྟེན།ནགས་རྩྭའི་གཙོ་བོ་ཡིན་པའི་ཕྱོགས་བསྡུས་དམིགས་ཚད་མུ་མཐུད་ནས་བརྟན་ཁྲོད་འཕར་སྣོན་བྱུང་བ་དང་། ཁུལ་ཡོངས་ཀྱི་ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི696.18ལ་ཟིན་ནས་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི535.8ལ་ཟིན་ཞིང་། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར4.85ལ་ཟིན་པ་དང་ནགས་ཚལ་གྱི་ཁེབས་ཚད་དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་ཁག་བགོས་ནས་བརྒྱ་ཆ35.02དང84.7འཕར་ཡོད།“ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”སྐབས་དང་བསྡུར་ན་བརྒྱ་ཆ1.54དང5.7མཐོར་འདེགས་བྱུང་བ་རེད།

ཕྱོགས་ཡོངས་ནས་སྐྱེས་ཁམས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེས་ཁམས་ཉེན་མེད་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ནས་ཤུགས་ཆེན་པོས་ཆེས་ནན་ཤོས་ཀྱི་ནགས་རྩྭའི་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པ་ལག་བསྟར་བྱས་པ་རེད། 《བྱེད་ཐབས་བཅུ་དྲུག་ལག་བསྟར་ནན་པོ་བྱས་ནས་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དོ་དམ་ལ་ཤུགས་སྣོན་བརྒྱག་རྒྱུའི་སྐོར་གྱི་བསམ་འཆར》དང་།《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ནགས་རྩྭའི་མེ་གསོད་སྔོན་འགོག་ཁྲིམས་སྲོལ་ཡིག་ཆ》བཏོན་ནས་ལོ་ལྟར་ནགས་ཚལ་མུའུ་ཁྲི9578དང་།རང་བྱུང་རྩྭ་ཐང་མུའུ་དུང་ཕྱུར1.42དང་། བརླན་ས་མུའུ་ཁྲི1091.4བཅས་ཁྲིམས་ལྟར་དོ་དམ་སྲུང་སྐྱོང་ནུས་ལྡན་བྱས་ཡོད།“འབྱུང་འཕྲོད་རལ་གྲི”དང“ནགས་རྩྭ་གཏོར་བརླག་གཏོང་བར་རྡུང་རྡེག་གཏོང་བའི”ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་བ་དང་། ནགས་རྩྭ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་རྣམ་པར་ཐོག་མཐའ་བར་གསུམ་དུ་བཙན་གནོན་མཐའ་འཁྱོངས་བྱས་པ།ནགས་རྩྭ་དང་འབྲེལ་བ་ཡོད་པའི་གྱོད་གཞི1472རྩད་གཅོད་བྱས་པ་དང་།ཤིང་ཆ་སྨི་རྒྱ་དཔངས་གྲུ་བཞི་མ1165.24གཞུང་བསྡུ་རྩིས་ལེན་བྱས་པར་མ་ཟད།དངུལ་ཆད་སྒོར་ཁྲི1414.55བཅད་པ་རེད། ནགས་རྩྭའི་སྤྱོད་སྒོ་བཀག་སྡོམ་བྱེད་པར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་།ནགས་ཤིང་གཅོད་པའི་བཅད་གྲངས་དོ་དམ་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས། གནོད་འཚེ་སྔོན་འགོག་དང་ཚོད་འཛིན་བྱེད་ནུས་ཆེ་རུ་གཏོང་གང་ཐུབ་བྱས། ནགས་རྩྭའི་མེ་ཟོན་མེ་གསོད་ཀྱི་ཆེད་དོན་བཅོས་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཚན་རིག་དང་མཐུན་པ་ནགས་ཁུལ་དྲྭ་མིག་ཅན་གྱི་སྒོ་ནས་དབྱེ་འབྱེད་གཏན་འཁེལ་བྱས་པ་དང་།མེ་ཟོན་ས་ཚུགས1211བཀོད་སྒྲིག་བྱས་ནས།24505ལ་ནགས་ཚལ(རྩྭ)སྐོར་སྐྱོད་ལྟ་ཞིབ་སྲུང་སྐྱོང་གི་འགན་འཁྲི་ཡི་གེ་བཞག་ཡོད། དྲིལ་བསྒྲགས་ཡིག་རིགས་ཁྲི40ལྷག་བཀྲམ་པ་དང་ཆེད་ལས་ཀྱི་མེ་གསོད་རུ་ཁག18ལ་མི2100བཀོད་སྒྲིག་བྱས་ཤིང་། ཆེད་ལས་ཕྱེད་ཙམ་གྱི་མེ་གསོད་རུ་ཁག་ལ་མི64517བཀོད་སྒྲིག་བྱས་ཡོད། སྒྲིག་སྦྱོར་ཆ་ཚང་བྱས་པའི་མེ་གསོད་སྒྲིག་ཆས6372དང་དམིགས་བསལ་རླངས་འཁོར142སྒྲིག་སྦྱོར་བྱས་པ་དང་། སྒར་ས་དང་སྦྱོང་བརྡར་བྱ་ཡུལ་སྨི་གྲུ་བཞི་མ25553བསྐྲུན་ཡོད་པ་རེད། མ་དངུལ་སྒོར་ཁྲི6300བཏང་ནས་ཆ་འཕྲིན་བཀོད་འདོམས་ལྟེ་གནས15དང་།ནུས་པ་མང་བའི་ཕྱི་རོལ་དུ་ལྟ་སྐུལ་ཚོད་འཛིན་བྱེད་སའི་བརྙན་ལམ205 གློག་མིག48བཅས་སྒྲིག་སྦྱོར་བྱས་ནས་གཞི་གྲངས་ནགས་རྩྭའི་སྒྲོམ་གཞིའི་མ་ལག་གཞི་རྩའི་ཐོག་ཆགས་ཡོད་པ་རེད། བསྟུད་མ32རིང་ལ་ཁུལ་ཡོངས་སུ་ནགས་ཚལ་ལ་གནོད་སྐྱོན་ཐེབས་ཚད་སྟོང་ཆ1གི་ནང་ཚོད་འཛིན་བྱས་ཡོད་པ་རེད། རྒྱུན་དུ་གསོམ་རྒྱུའི་སྐུད་འབུའི་ནད་ལ་དཔྱིད་སྟོན་དུས་གཉིས་སུ་ཆེད་དོན་དུ་ཡོངས་ཁྱབ་ཞིབ་བཤེར་བྱས་པར་བརྟེན། ནགས་ལས་ཀྱི་གནོད་ཡོད་སྐྱེ་དངོས་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ནུས་དང་འགོག་བཅོས་ནུས་པ་རྒྱུན་མཐུད་དུ་ཇེ་དྲག་བྱུང་ཡོད། ནགས་ཚལ་ལ་གནོད་ཡོད་སྐྱེ་དངོས་ཀྱིས་གནོད་འཚེ་ཕོག་ཚད་སྟོང་ཆ2.9ཡི་ནང་ཚུད་དུ་ཚོད་འཛིན་བྱས་ཡོད། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་གཏན་འབེབས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ།རི་སྐྱེས་སྲོག་ཆགས་མིའི་ཐབས་ལ་བརྟེན་ནས་རྒྱུད་སྤེལ་བྱེད་ས27བཀག་བསྡོམས་བྱས་པ་དང་།དེའི་ནང་ནས་ས་གནས7གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱས་ཡོད། “རླུང་བསིལ་བྱ་སྤྱོད”དང་ཁྲིམས་འགལ་གྱིས་རི་དྭགས་བསད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བའི་ཆེད་དམིགས་བྱེད་སྒོ་ཏན་ཏིག་གིས་སྤེལ་ནས་གྱོད་གཞི6རྩད་གཅོད་བྱས་ཡོད། ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན“ཉིན་རེའི་སྙན་ཞུའི”ལམ་ལུགས་དོན་འཁྱོལ་བྱས་ཏེ།རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན་ལ་ཤུགས་བསྣན། ཏན་ཏིག་སྒོས་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་འཛུགས་སྐྲུན་དོ་དམ་ལས་དོན་ལ་སྐུལ་འདེད་བཏང་ཡོད། ཁྱོན་ཡོངས་ནས་རང་བྱུང་སྲུང་སྐྱོང་ཁུལ76བསྡུ་སྒྲིལ་ལེགས་སྒྱུར་གྱི་ལས་དོན་སྤེལ་མགོ་ཚུགས་ཏེ《དཀར་མཛེས་ཁུལ་གྱི་རང་བྱུང་སྲུང་སྐྱོང་ས་ཁུལ་བསྡུ་སྒྲིལ་ལེགས་སྒྱུར་གྱི་གྲོས་གཞི》སྡེབ་སྒྲིག་བྱས་པ་རེད།

སྐྱེས་ཁམས་སླར་གསོ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། སྐྱེས་ཁམས་ཉེན་མེད་ཀྱི་སྲུང་ཡོལ་འཛུགས་སྐྱོང་བརྟན་པོ་བྱས་ཡོད། “གཞི་རྒྱ་ཆེན་པོའི་སྔོ་འགྱུར་སི་ཁྲོན་གྱི·དཀར་མཛེས་བྱ་སྤྱོད”དང་རྩྭ་ཐང་སྐྱེས་ཁམས་བཅོས་སྐྱོང་སོགས་སྐྱེས་ཁམས་སྲུང་སྐྱོང་ཉམས་གསོའི་འཆར་འགོད་རབ་དང་རིམ་པ་ལག་ལེན་ཤུགས་ཆེན་བསྟར་ནས། ལྗང་མདོག“སྣོན་ཐབས”དང“བྱེ་བཅོས”འཕྲི་ཐབས་རྒྱུན་མཐུད་དུ་ཡག་པོ་བསྒྲུབས་པ་དང་། རྨོ་བསྐྱུར་ནགས་གསོའི་གྲུབ་འབྲས་མུའུ་ཁྲི88.85སྲ་བརྟན་དུ་བཏང་བ་དང་། འགན་འབབ་ཤིང་སྡོང1315.75 མིའི་ཐབས་ལ་བརྟེན་ནས་ནགས་ཚལ་མུའུ་ཁྲི31.7ལེགས་སུ་གྲུབ་ཡོད། རི་ཀླུང་བཀག་སྡོམ་བྱས་ནས་ནགས་ཚལ་མུའུ་ཁྲི64.95འདེབས་གསོ་བྱས་པ་དང་། ནགས་ཚལ་འདེབས་གསོ་བྱས་པའི་རྒྱ་ཁྱོན་མུའུ་ཁྲི165.77ལ་ཟིན། གཞུང་ལམ་སྔོ་འགྱུར་སྤྱི་ལེ2227བཅས་བྱས་ཡོད། 2020ལོའི་ལོ་མཇུག་ཏུ་ཞན་འགྱུར་རྩྭ་ཐང་གི་རྒྱ་ཁྱོན་དེ2015ལོའི་ལོ་མཇུག་དང་བསྡུར་ན་མུའུ་ཁྲི374.49མར་ཆག་ཡོད་པ་རེད།

ཤུགས་ཆེན་པོས་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་བཏང་ནས། ལྗང་མདོག་འབབ་འཕར་མཉམ་ཁེ་ཡོང་བའི་རྣམ་པ་མཐའ་གཅིག་ཏུ་་མངོན་འགྱུར་བྱས། “10+2”ཀྱི་དེང་རབས་ཞིང་ལས་ཐོན་ལས་མ་ལག་ལ་དམིགས་ནས“སྤྱི་ལེ་བརྒྱ་ཅན་གསུམ”གྱི་ལྗང་མདོག་སྐྱེ་ཁམས་ཐོན་ལས་ཁུལ་དང“མུའུ་ས་ཡ་ཅན་གཉིས”ཀྱི་ཁྱད་ཆོས་ཞིང་ནགས་ཐོན་ལས་རྟེན་གཞི་ཇེ་མགྱོགས་སུ་འཛུགས་སྐྲུན་བྱས་ནས། མུའུ་ཁྲི103.26 རྟེན་གཞི་བསྐྲུན་པ་དང་། རྣམ་པ་གསར་བའི་བདག་གཉེར་མ་ལག41ལ་རོགས་སྐྱོར་དང་སྐྱེད་སྲིང་བྱས་པ་རེད། རིམ་རྩིས་བྱས་ན་སྐྱེས་ཁམས་ནགས་སྲུང་དང་རྩྭ་སྲུང་པ100276གདམ་གསེས་གདན་ཞུ་བྱས་ཡོད་པ་རེད། ལོ་ལྟར་ནགས་འབྲེལ་དམངས་ཕན་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར3.8སྤྲོད་ཀྱི་ཡོད། དབུལ་ཐར་འགག་སྒྲོལ་གྱི་ནགས་བཟོའི་ཆེད་ལས་མཉམ་ལས་ཁང175བཙུགས་པ་དང་། ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་མི་སྣར་ལོ་རེར་མི་རེར་ཆ་སྙོམས་འབབ་སྒོར་ཁྲི2.9ལྷག་འཕར་སྣོན་བྱུང་ཡོད། ཤུགས་ཆེན་པོས་ནགས་ཚལ་བདེ་སྐྱོང་དང་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་བཏང་ཞིང་།རིམ་རྩིས་བྱས་ན་ནགས་ཚལ་གྲོང་རྡལ་ཆུང་ངུ་དང་བདེ་སྐྱོང་རྟེན་གཞི12དང་། ནགས་ཚལ(བདེ་སྐྱོང)ཁྱིམ་ཚང56ལ་ཆོག་མཆན་ཐོབ་ཡོད། ལོ་རེར་སྐྱེ་ཁམས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མིའི་ཐེངས་གྲངས་ཁྲི200ལྷག་ལ་ཟིན་ནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར10ཙམ་ལ་ཟིན་ཡོད་པ་རེད།།



  • ལེ་ཚན་སྔོན་མ།: རྟའུ་རྫོང་གིས་སྟོན་བསྡུ་ལས་ལ་བྲེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།