བོད་ཞི་བས་བཅིངས་འགྲོལ་བཏང་བར་ཡོད་ཚད་འབུལ་མཁན་དགེ་རྟག་སྐུ་ཕྲེང་ལྔ་པ།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-09-03

བོད་ཞི་བས་བཅིངས་འགྲོལ་བཏང་བར་ཡོད་ཚད་འབུལ་མཁན་དགེ་རྟག་སྐུ་ཕྲེང་ལྔ་པ།

དགེ་རྟག་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་འཛིན་གྲགས་པ་ནི་སྤྱི་ལོ1902ལོར་དཀར་མཛེས་རྫོང་བདེ་སྐྱིད་སྟེང་གྲོང་སྡེའི་ཞིང་བྲན་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་ཤིང་། དགུང་ལོ7ལ་སླེབས་སྐབས་དགེ་རྟག་སྐུ་ཕྲེང་ལྔ་པའི་ཡང་སྲིད་དུ་ངོས་འཛིན་བྱས། དགུང་ལོ14ཐོག་ཏུ་དབུས་གཙང་དགའ་ལྡན་དགོན་དུ་ཕེབས་ནས་གྲྭ་སར་འགྲིམས་ཏེ་ལོ་ངོ8ཀྱི་རྗེས་སུ་དགེས་བཤེས་ཀྱི་གོ་མིང་ཐོབ། ཁོང་ནི་རིག་པའི་གནས་ལ་མཐར་ཕྱིན་ཞིང་། དྲང་བདེན་གྱི་རིག་པས་ཕྱུག རང་ཉིད་ཀྱི་འཚོ་བའི་ཆ་རྐྱེན་ཞན་ཡང་ནམ་རྒྱུན་མི་གཞན་པར་རོགས་རམ་བྱེད་པར་གཞོལ་བས། མི་རྣམས་ཀྱིས་ཁོང་ནི་བྱམས་དང་སྙིང་རྗེའི་བདག་ཉིད།འགྲོ་དྲུག་སྡུག་བསྔལ་ལས་སྒྲོལ་བའི་དེད་དཔོན་ཡིན་ཞེས་བསྔགས་བརྗོད་བྱས། 1936ལོའི་སྤྱི་ཟླ3པར་ཀྲུའུ་ཏེ་ཡིས་དམར་དམག་འབུམ་ཤོག་བཞི་བའི་སྣེ་ཁྲིད་ནས་དཀར་མཛེས་རྫོང་དུ་འབྱོར་རྗེས། ཁོང་སྐུ་དངོས་སུ་བེ་རི་དགོན་དུ་དགེ་རྟག་སྤྲུལ་སྐུ་ལ་མཇལ་འཕྲད་ཕེབས་ཤིང་། ཁོང་རྣམ་གཉིས་ཀྱིས་ལྷག་བསམ་ཟོལ་མེད་ཀྱིས་གླེང་མོལ་བརྒྱུད་ནས་མཛའ་མཐུན་གྱི་འབྲེལ་ལམ་གཏིང་ཟབ་ཆགས་པ་དང་། དམར་དམག་གིས་འབངས་ལ་བྱམས་ཤིང་སྒྲིག་ཁྲིམས་སྲུང་བའི་བྱ་སྤྱོད་དངོས་སུ་མཐོང་བའི་དུས་མཚུངས་སུ། ཀྲུའུ་ཏེ་ཡི་ལྷག་བསམ་ཟོལ་མེད་ཀྱི་སྙིང་གཏམ་ལ་གསན་རྗེས་དགེ་རྟག་སྤྲུལ་སྐུས་བློ་ཐག་རྦད་བཅད་ཀྱིས་ནུས་ཤུགས་ཡོད་རྒུས་དམར་དམག་ལ་རོགས་རམ་བྱེད་པའི་འདོད་བློ་བསྟན། དེ་ནས་བཟུང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གྱི་གཟི་བརྗིད་ལམ་ཆེན་དུ་ཞུགས་པ་དང་། ཁོང་རང་གི་ལག་ལེན་དངོས་བརྒྱུད་ནས་དམར་དམག་བྱང་ཕྱོགས་སུ་བསྐྱོད་ནས་ལྗར་འགོག་བྱེད་པར་བྱས་རྗེས་རླབས་ཆེན་བཞག་པ་རེད། 1950ལོར། གངས་ཅན་མཐོ་སྒང་བཅིངས་འགྲོལ་བཏང་བ་དང་མེས་རྒྱལ་གཅིག་གྱུར་གྱི་རླབས་ཆེན་བྱ་གཞག་འགྲུབ་ཆེད། དགེ་རྟག་སྤྲུལ་སྐུ་ཐེ་ཚོམ་མེད་པར་བོད་ལྗོངས་སུ་ཕེབས་ནས་བོད་ལྗོངས་ས་གནས་སྲིད་གཞུང་ལ་འདུམ་འགྲིག་བསླབ་བྱ་གནང་། སྤྱི་ཟླ8པའི་ཚེས22ཉིན། བོད་ལྗོངས་ཆབ་མདོ་ས་ཁུལ་དུ་སླེབས་དུས་ངོ་ལོག་པས་དུག་དྲངས་ནས་བཀྲོངས་པ་དང་བོད་ལྗོངས་ཞི་བའི་བཅིངས་འགྲོལ་གཏོང་བར་ཆེས་ཐ་མའི་ཁྲག་ཐིག་རྡོག་གཅིག་ཡང་ས་ལ་ཐིམ་སོང་།

བོད་ཞི་བས་བཅིངས་འགྲོལ་བཏང་བར་ཡོད་ཚད་འབུལ་མཁན་དགེ་རྟག་སྐུ་ཕྲེང་ལྔ་པ།

ཀྲུའུ་ཏེ་དང་འབྲེལ་ལམ་བཙུགས་ནས།

རྒྱ་བོད་སྤུན་ཟླའི་མཛའ་མཐུན་རྟོགས་བརྗོད་བྲིས།

དམར་དམག་བྱང་ཕྱོགས་སུ་ལྗར་འགོག་བྱེད་པར་བསྐྱོད་ནས་དཀར་མཛེས་ས་ཁུལ་བརྒྱུད་ནས་འགྲོ་སྐབས། གོ་མིང་ཏང་ལོག་སྤྱོད་ཕྱོགས་ཁག་གིས་ས་གནས་དེ་གའི་བླ་མ་དང་ཡུལ་དཔོན་སོགས་ལ་ངན་འབྲེལ་བྱས་པ་དང་ཆབས་ཅིག ངོ་ལོག་པའི་དྲག་ཆས་རྩ་འཛུགས་བྱས་ཏེ་དམར་དམག་བྱང་བསྐྱོད་བྱེད་པར་འགོག་རྒོལ་བྱེད་པའི་རེ་ངན་བཅངས་པར་མ་ཟད། དཀྲོག་གཏམ་བསྒྲགས་ནས་གུང་ཁྲན་ཏང་དང་དམར་དམག་ལ་དམའ་འབེབས་བྱས་པ་དང་། མང་ཚོགས་ལ་འབྲུ་རིགས་བཙོང་མི་ཆོག་པ་དང་ལམ་སྣ་འཁྲིད་མི་ཆོག་པ། སྐད་སྒྱུར་བྱེད་མི་ཆོག་པ་བཅས་ཀྱི་བརྡ་ཁྱབ་བསྒྲགས། མང་ཚོགས་ལ་བཙན་ཤེད་ཀྱིས་ཕ་ཡུལ་བསྐྱུར་ནས་རི་མགོར་གབ་བཅུག་སྟེ་དམར་དམག་འཆི་ལམ་དུ་བསྐྱལ་རྒྱུའི་རེ་ངན་བཅངས་པ་རེད། དམར་དམག་དཀར་མཛེས་རྫོང་དུ་སླེབས་སྐབས། གོ་མིང་ཏང་དང་ཡུལ་དཔོན་སོགས་ཀྱིས་ལོག་སྤྱོད་དྲིལ་བསྒྲགས་བྱས་ནས་མང་ཚོགས་མང་ཆེ་ཤོས་ཀྱིས་བསམ་འཁྲུལ་འཁོར་ནས་རི་མགོར་གབ་ནས་བསྡད་པ་རེད།

དཀར་མཛེས་སུ་ཡོད་དུས། དམར་དམག་གི་དམག་དཔུང་ཡོངས་ཀྱིས་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་ཡི་རེ་འདུན་ལྟར། བོད་རིགས་སྤུན་ཟླའི་ཁང་པའི་ནང་དུ་མ་བསྡད་པ་དང་ཤུལ་ལུས་ཀྱི་དངོས་པོ་འཕྲོག་བཅོམ་མ་བྱས་པར་མ་ཟད། རང་ཉིད་ཀྱི་ཉལ་ཁེབས་འདེགས་ནས་གུར་ཚབ་བྱས་པ་དང་ཤིང་སྡོང་གི་འོག་དང་ཁང་པའི་མདའ་གཡབ་འོག་ཏུ་ཉལ། འབྲུ་རིགས་མེད་པས་ཤ་མོ་འཐུ་བ་དང་རི་སྐྱེས་སྔོ་ཚལ་ཟོས་ནས་ལྟོ་བ་གསོས། ཟླ་བ་བཞི་པར་སླེབས་སྐབས་དཔྱིད་དཔལ་ཀྱི་བུ་མོ་དལ་བ་དལ་བུའི་མཐོ་སྒང་དུ་སླེབས་པས། རི་ཀླུང་མཐའ་དག་གི་གསོན་ཤུགས་རབ་ཏུ་རྒྱས། ཀྲུའུ་ཏེ་ཡིས་ས་རྒྱུ་གཤིན་པའི་རྨོ་ཞིང་དག་མཐོང་རྗེས་དམག་དཔུང་རྩ་འཛུགས་བྱས་ནས་གྲོང་མི་དང་མཉམ་དུ་ས་ཞིང་རྨོ་འདེབས་བྱས་པར་མ་ཟད་ཁོང་སྐུ་དངོས་སུ་སོ་ནམ་ལས་ལ་ཞུགས་པ་རེད།

དཀར་མཛེས་རྫོང་གྲོང་ཁུལ་གྱི་ཉེ་འགྲམ་དུ་ཡོད་པའི་བེ་རི་དགོན་པའི་དགོན་བདག་ནི་དགེ་རྟག་སྐུ་ཕྲེང་ལྔ་པ་ཡིན་ཞིང་། དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་འཛིན་གྲགས་པ་ནི་སྤྱི་ལོ1902ལོར་དཀར་མཛེས་རྫོང་བདེ་སྐྱིད་སྟེང་གྲོང་སྡེའི་ཞིང་བྲན་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས། དགུལ་ལོ7ལ་སོན་སྐབས་དགེ་རྟག་སྐུ་ཕྲེང་ལྔ་པའི་ཡང་སྲིད་ལ་ངོས་འཛིན་གནང་།དགུང་ལོ14ལ་སོན་དུས་དབུས་མཆོག་ལྷ་སའི་གླིང་དུ་གྲྭ་སར་འགྲིམསསར་འགྲིམས་ཏེ་ལོ་ངོ8ཀྱི་རྗེས་སུ་དགེས་བཤེས་ཀྱི་གོ་མིང་ཐོབ། བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་བོད་ཀྱི་གསོ་བ་རིག་པ། རྩོམ་རིག་བཅས་ལ་བྱང་ཆུབ་ཅིང་མཁས་པའི་ཕ་རོལ་དུ་སོན། ཁོང་གིས་བོད་རིགས་མི་དམངས་ཀྱི་བཅིངས་འགྲོལ་དོན་དུ་འབད་བརྩོན་ལྷོད་མེད་གནང་བར་སྐུལ་མ་གནང་ཞིང་། མི་རྣམས་ཀྱིས་ཁོང་ནི་བྱམས་དང་སྙིང་རྗེའི་བདག་ཉིད། འགྲོ་དྲུག་སྡུག་བསྔལ་ལས་སྒྲོལ་བའི་དེད་དཔོན་ཡིན་ཞེས་བསྔགས་བརྗོད་ཚད་མེད་གནང་བ་རེད།

ཉིན་ཞིག་ལ། སྟབས་ཡག་ནས་དགེ་རྟག་སྤྲུལ་སྐུ་དམར་དམག་འགའ་ཤས་དང་ཐུག་ཡོད། ཁོ་ཚོ་དང་ཁ་བརྡ་ལབ་པའི་ཁྲོད་ནས་དམར་དམག་ནི་དབུལ་པོའི་དོན་དུ་སྲིད་དབང་ལེན་མཁན་གྱི་དམག་དཔུང་ཞིག་ཡིན་པ་དང་མི་རིགས་མཐུན་སྒྲིལ་གཙིགས་སུ་བཟུང་ནས་ཆོས་དད་རང་མོས་ལ་སྲུང་སྐྱོང་བྱེད་པ། ད་ལྟ་བྱང་ཕྱོགས་སུ་བསྐྱོད་ནས་ལྗར་འགོག་བྱེད་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་མཐར། ཁོང་གིས་ང་རང་ཉིད་སྤྲུལ་སྐུ་ཞིག་ཡིན་པའི་ཆ་ནས་སངས་རྒྱས་ཀྱིས་གསུངས་པའི་བཀའ་ལྟར་དད་ལྡན་རྣམས་ལེགས་པའི་ལམ་དུ་ཡར་འདྲེན་བྱེད་མཁན་ཞིག་ཡིན། ང་ཚོའི་དད་པ་ལ་ཁྱད་པར་ཡོད་ནའང་ཐུན་མོང་གི་དམིགས་ཡུལ་ནི་ཉམ་ཐག་ཅན་རྣམས་སྐྱོབ་པའི་ཆེད་དུ་ཡིན་ཞེས་གསལ་པོ་གསུངས།

འདི་ནི་སྙིང་གཏམ་བཤད་རེས་བྱས་པའི་ཁ་བརྡ་རིང་བོ་ཞིག་རེད། ཐེངས་འདིའི་ཁ་བརྡའི་ཁྲོད་དགེ་རྟག་སྤྲུལ་སྐུའི་སྔར་ལས་ལྷག་པའི་སྒོས་དམར་དམག་ལ་ངོས་འཛིན་ཐུབ་པར་མ་ཟད། ཅི་ཞིག་གསར་བརྗེ་ཡིན་པ་དང་གསར་བརྗེ་བྱེད་དགོས་དོན་གང་ཡིན་པའི་གནས་ལུགས་ཤེས་སུ་བཅུག དེ་ནས་བཟུང་ཁོང་གིས་གུང་ཁྲན་ཏང་ལ་ཡིད་ཆེས་དང་ནམ་ཡང་ཏང་གི་རྗེས་སུ་འབྲངས་རྒྱུའི་ཆོད་སེམས་སྔར་ལས་ཇེ་བརྟན་དུ་ཕྱིན་པ་རེད།

དགེ་རྟག་སྤྲུལ་སྐུས“ཁྱོད་ཚོ་དམར་དམག་ནི་དཔུང་སྡེ་ཅི་འདྲ་ཞིག་ཡིན།”ཀྲུའུ་ཏེ་ཡིས“ང་ཚོ་དམར་དམག་ནི་གནམ་འོག་གི་དབུལ་པོ་རྣམས་ཀྱི་དཀའ་ངལ་སེལ་མཁན་གྱི་དཔུང་སྡེ་ཞིག་ཡིན།”དགེ་རྟག་སྤྲུལ་སྐུས“ཁྱེད་ཚོའི་མགོ་ཁྲིད་ཆེ་བ་དེ་སུ་ཡིན།”ཀྲུའུ་ཏེས“ང་ཚོའི་མགོ་ཁྲིད་ནི་མིང་ལ་མར་ཁེ་སི་ཟེར་བའི་མེས་པོ་ཞིག་ཡིན། དེ་ནི་ཕྱི་རྒྱལ་བ་ཞིག་རེད། ང་ཚོའི་མཐར་ཐུག་གི་དམིགས་ཡུལ་ནི་ཀྲུང་གོ་ཡོངས་དང་འགྲོ་བ་མི་ཡོངས་རྫོགས་བཅིངས་འགྲོལ་གཏང་རྒྱུ་དེ་ཡིན།”

དགེ་རྟག་སྤྲུལ་སྐུས“ང་ཚོའི་སངས་རྒྱས་ཡང་ཕྱི་རྒྱལ་བ་ཞིག་ཡིན་པ་དང་ཁོང་གི་མིང་ལ་ཤཱཀྱ་མུ་ནེ་ཟེར།སངས་རྒྱས་ཀྱི་འགྲོ་བ་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བ་དང་ཁྱེད་ཚོས་འགྲོ་བ་མི་ཡོངས་བཅིངས་འགྲོལ་གཏོང་བ་དེ་གཅིག་པ་རེད”ཅེས་གསུངས།

ཀྲུའུ་ཏེས“རེད་ཡ། ང་ཚོའི་དམིགས་ཡུལ་གཅིག་མཐུན་ཡིན་པས་ང་ཚོ་ནི་གྲོགས་པོ་རེད།”

དགེ་རྟག་སྤྲུལ་སྐུས“ང་རང་སྤྲུལ་སྐུ་ཞིག་ཡིན་པའི་ཆ་ནས་ལོ14སྟེང་ནས་ལྷ་སའི་དགོན་སྡེ་ཆེ་གྲས་གསུམ་དུ་ཆོས་གཞུང་སྦྱོང་བར་བྱས།སངས་རྒྱས་ཆོས་ལུགས་ཀྱི་སྙིང་དོན་ནི་དཀའ་སྡུག་གི་རྒྱ་མཚོ་ལ་ལྷུང་བའི་མི་རྣམས་སྐྱོབ་རྒྱུ་དེ་ཡིན།གུང་ཁྲན་ཏང་གིས་མགོ་ཁྲིད་བྱས་པའི་དམར་དམག་ནི་གོ་མིང་ཏང་གི་དམག་དཔུང་དང་མི་འདྲ་བར་ངལ་རྩོལ་མང་ཚོགས་ལ་བཅིངས་འགྲོལ་ཐོབ་ཆེད་དང་རྒྱ་རིགས་དང་བོད་རིགས་སྤུན་ཟླ་ཚང་མར་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་དུ་འཇུག་ཆེད་ཡིན།ང་ཚོའི་དད་མོས་མི་འདྲ་ནའང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་ཆེད་དུ་ཡིན་པ་དེ་གཅིག་པ་ཡིན།”

ནམ་གུང་གི་སྐབས་དེར། དགེ་རྟག་སྤྲུལ་སྐུ་དང་ཀྲུའུ་ཏེ་རྣམ་གཉིས་ད་དུང་མར་མེའི་འོག་ཏུ་བཞུགས་ནས་གླེང་མོལ་བྱེད་བཞིན་འདུག དགུང་ལོ50ལ་ལོན་པའི་ཀྲུའུ་ཏེ་ནི་བྱམས་ལྡན་གྱི་གཅེན་པོ་ཞིག་དང་འདྲ་བར།ཁོང་གིས་རང་ཉིད་ཀྱི་ཀྱག་ཀྱོག་གི་སྐྱེས་ཁུངས་ལོ་རྒྱུས་དང་མི་ཚེ་གང་བོའི་བདེན་ལུགས་འཚོལ་བའི་ཉམས་མྱོང་།མཐར་གུང་ཁྲན་ཏང་རྙེད་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་བཅས་བཤད་པས་དགེ་རྟག་སྤྲུལ་སྐུ་ལ་བློ་སྐྱེད་གཏིང་ཟབ་ཐོབ།

ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ནང་། དམར་དམག་དཀར་མཛེས་རྫོང་དུ་ཡོད་པའི་ཟླ་བ་ཁ་ཤས་རིང་ཀྲུའུ་ཏེས་སྔ་རྗེས་སུ་དགེ་རྟག་སྤྲུལ་སྐུ་དང་གླེང་མོལ་ཐེངས་དགུ་བྱས་པ་རེད། གུང་ཁྲན་ཏང་གིས་དམངས་དང་རྒྱལ་ཁབ་སྐྱོབ་པ། མི་དམངས་བཅིངས་འགྲོལ་གཏང་རྒྱུའི་དགོངས་དོན་སྐོར་གླེང་མཐར།དགེརྟག་སྤྲུལ་སྐུ་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་།གསར་བརྗེར་ཡིད་སྨོན་དང་བློ་ཁ་ཕྱོགས། ཁོང་གིས་མི་དམངས་ལ་བརྩི་བཀུར་དང་རྒྱབ་སྐྱོར་བྱ་དགོས་པའི་འབོད་སྐུལ་བྱས་པར་མ་ཟད།དམར་དམག་ལ་རོགས་རམ་བྱས་ནས་འབྲུ་རིགས་གྲབས་གསོག་དང་།གྲང་འགོག་གྱོན་ཆས་བཟོ་བ།དམར་དམག་བྱང་དུ་སྐྱོད་པར་རོགས་སྐྱོར་བཅས་བྱས་པ་རེད། སྙིང་གཏམ་བརྗེ་རེས་བྱས་པས་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་གཉིས་ནི་བློས་ཐུབ་ཀྱི་གྲོགས་པོར་གྱུར་པ་དང་རྒྱ་བོད་སྤུན་ཟླའི་མཛའ་མཐུན་གྱི་གླུ་གཞས་རིང་མོ་ཤིག་བྲིས་ཡོད།

1936ལོའི་སྤྱི་ཟླ6པར་བོད་རིགས་མི་དམངས་རང་ཉིད་ཀྱི་སྲིད་གཞུང་སྟེ་ཀྲུང་ཧྭ་སུའུ་ཝེ་ཨེ་བོད་པ་སྲིད་གཞུང་དཀར་མཛེས་སུ་བཙུགས་པ་དང་།དགེ་རྟག་སྤྲུལ་སྐུ་ཀྲུའུ་ཞི་གཞོན་པར་བདམས།དེ་ནས་བཟུང་དགེ་རྟག་སྤྲུལ་སྐུས་མ་སྐུལ་དང་བླངས་དང་ཧུར་སེམས་ཆེར་སྐྱེད་ཀྱིས་དམར་དམག་ལ་རྒྱབ་སྐྱོར་བྱེད་པའི་ལས་འགུལ་ནང་དུ་ཞུགས་ཤིང་།དགེ་རྟག་སྤྲུལ་སྐུ་སྐུ་དངོས་སུ་བྱོན་ནས་སློབ་གསོ་བྱས་པར་བརྟེན། དམར་དམག་གིས་ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་བལ་འཁེལ་ནས་བལ་གྱི་གྱོན་ཆས་དང་རྐང་ཤུབས། ལག་ཤུབས་བཅས་བཟོས་པར་མ་ཟད།པགས་པ་དང་སྟོད་གོས་འཚེམ་བཟོ་བྱས་པ་དང་།ད་དུང་དམར་དམག་ལ་ཟ་ཆོག་པའི་རི་སྐྱེས་སྔོ་ཚལ་ངོས་འཛིན་བྱེད་སྟངས་ཀྱང་བསྩལ་བ་རེད།ཀྲུའུ་ཏེ་ཡི་སྣེ་ཁྲིད་དང་བོད་རིགས་སྤུན་ཟླའི་རྒྱབ་སྐྱོར་འོག་དམར་དམག་འབུམ་ཤོག་བཞི་བའི་དཔོན་དམག་རྣམས་ཀྱིས་ཟླ་འགའི་རིང་ལ་མཉམ་དུ་འབད་བརྩོན་བྱས་ནས་རང་ཉིད་ལ་མཁོ་བའི་གྲང་འགོག་སྒྲིག་ཆས་མང་ཆེ་བ་ཐག་གཅོད་བྱས་པར་མ་ཟད།དམར་དམག་དཔུང་ཚོགས་གཉིས་པ་དང་དཔུང་ཚོགས་དྲུག་པའི་འཐབ་གྲོགས་རྣམས་ཀྱིས་ལུག་བལ་གྱི་གྱོན་ཆས་ཁྲི་གཉིས་ལྷག་བཟོས་པ་རེད།

བྱམས་སེམས་སྤྱོད་པ་ཡིས།

རྨས་སྐྱོན་ཐེབས་པའི་དམར་དམག་སྐྱོབ་རོགས་བྱས།

དམར་དམག་བྱང་དུ་བསྐྱོད་རྗེས། གོ་མིང་ཏང་དང་དེ་མིན་ལོག་སྤྱོད་ཕྱོགས་ཁག་གི་ཡུལ་དཔོན་དང་མགོ་བ་དག་གཤིན་པོ་བསྐྱར་ལོག་བྱས་པའི་སྨུག་རྡུལ་གྱིས་ཁམས་བོད་མཐོ་སྒང་གི་མཁའ་དབྱིངས་ཡོངས་སུ་བསྒྲིབས། དམར་དམག་དཀར་མཛེས་དང་ཁ་བྲལ་ནས་ཉིན་གཉིས་པར།བླ་མ་བསོད་ནམས་རྡོ་རྗེ་སོགས་གོ་མིང་ཏང་ལོག་སྤྱོད་ཕྱོགས་ཁག་གི་ངན་སྐུལ་འོག བོད་པ་སྲིད་གཞུང་གི་ཁོངས་མི་རྣམས་དང་དམར་དམག་གི་ཆེད་དུ་བྱ་བ་བསྒྲུབས་མྱོང་བའི་ཧུར་བརྩོན་པ་འཛིན་བཟུང་དང་དམར་གསོད་བྱས། ཁོ་ཚོའི་ནང་ནས་ལ་ལ་ཞིག་གོ་མིང་ཏང་གི་དམག་མི་བྱེད་པར་བཟུང་བ་དང་།ལ་ལའི་མིག་ཟུང་ཕུད་པ།ལ་ལའི་རྒྱུ་ནོར་འཕྲོག་བཅོམ་བྱས།སྐབས་དེར་ད་དུང་དམར་དམག་གི་རྨས་མ208དཀར་མཛེས་སུ་བསྡད་དེ་ནད་བཅོས་བྱེད་བཞིན་ཡོད་པར་བརྟེན། གོ་མིང་ཏང་གི་དམག་དཔུང་དང་ས་གནས་ཀྱི་ལོག་སྤྱོད་སྟོབས་ཤུགས་ཀྱིས་འདེད་གསོད་བྱས་པས་ཉེན་ཁ་ཧ་ཅང་ཆེ།

ལོག་སྤྱོད་སྟོབས་ཤུགས་ཀྱི་གདུག་རྩུབ་ཆེ་བའི་རྩུབ་སྤྱོད་ཀྱིས་དགེ་རྟག་སྤྲུལ་སྐུ་ཧང་སངས་པར་གྱུར་ཏུ་བཅུག

དམར་དམག་གིས་འབངས་ལ་བྱམས་པ་དང་བློ་མཐུན་ཀྲུའུ་ཏེ་ཡི་ལྷག་བསམ་ཟོལ་མེད་ཀྱི་གླེང་མོལ་དང་ཞལ་གྱེས་སྐབས་ཀྱི་བཀའ་མོལ་དེ་དག་དྲན་པས།དགེ་རྟག་སྤྲུལ་སྐུ་ཡིས་དཀའ་ངལ་མཐའ་དག་ཁྱད་བསད་བྱས་ནས་རང་ཉིད་ཀྱི་འབད་བརྩོན་ཆེ་ཤོས་ལ་བརྟེན་ནས་དཀར་མཛེས་སུ་ཡོད་པའི་དམར་དམག་རྨས་མ་ཚོའི་ཚེ་སྲོག་ཉེན་མེད་སྲུང་སྐྱོང་ཡག་པོ་བྱ་རྒྱུའི་སེམས་ཐག་བཅད། སྨྱོ་ཧམ་ཆེན་པོས་འཁོན་ལན་སློག་པའི་དགྲ་བོའི་མིག་འོག་ཏུ་དམར་དམག་གི་རྨས་མ་མང་པོའི་ཉེན་ཁ་ལ་འགན་ལེན་བྱ་རྒྱུ་ནི་དཀའ་ངལ་ཧ་ཅང་ཆེ་ལ་ཉེན་ཁ་ཡང་ཆེ་བའི་བྱ་བ་ཞིག་ཡིན་པ་ནི་སྨོས་ཅི་དགོས། ཕྱོགས་གཅིག་ནས་དགེ་སྟག་སྤྲུལ་སྐུའི་མང་ཚོགས་དང་བླ་མ་སྒྲིག་འཛུགས་བྱས་ནས་སེམས་ཤུགས་གཅིག་སྒྲིལ་དང་ཐབས་མཁས་སྒོ་ནས་ཁོ་ཚོ་འགེབས་སྲུང་བྱས་པ་དང་། ཕྱོགས་གཞན་ཞིག་ནས་དགེ་སྟག་སྤྲུལ་སྐུས་རང་ཉིད་ཀྱི་རྩེར་སོན་བོད་སྨན་ལག་རྩལ་ལ་བརྟེན་ནས་རི་མགོར་སོང་ནས་སྨན་རྩྭ་བཙལ་ནས་སྨན་བཅོས་བྱས་པས་རྨས་མ་རྣམས་མགྱོགས་མྱུར་དུ་དྲག་སྐྱེད་བྱུང་བ་རེད།དེའི་རྗེས་སུ།ཁོང་གིས་ཡང་རང་ཉིད་ཀྱི་ནང་བསྟན་པའི་སྙན་གྲགས་དང་མཛའ་བརྩེ་ལ་བརྟེན་ནས་ལམ་རྒྱུད་ཀྱི་ས་ཆ་སོ་སོའི་དགོན་སྡེ་དང་རྫོང་།ས་ཁུལ་སོ་སོའི་དཔོན་པོ་རྣམས་ལ་འཕྲིན་ཡིག་བྲིས་ཏེ།ཁོ་ཚོའི་རོགས་སྐྱོར་བརྩོན་ལེན་བྱས་པར་མ་ཟད། བླ་མ་མངགས་ནས་གཅིག་རྗེས་གཉིས་མཐུད་དུ་སྲུང་སྐྱེལ་བྱས་པ་དང་། དྲག་སྐྱེད་བྱུང་བའི་དམར་དམག་དེ་རྟའུ་དང་བྲག་འགོ་སོགས་རྫོང་དུ་ཁ་གྲམ་ནས་བཀོད་སྒྲིག་བྱས།

དམར་དམག་གི་རྨས་མ་དང་ནད་པའི་ཉེན་མེད་ལ་སྔར་བས་ནུས་ལྡན་ངང་སྲུང་སྐྱོང་བྱ་ཆེད།སེམས་ཞིབ་པའི་དགེ་རྟག་སྤྲུལ་སྐུ་ཡིས་ད་དུང་དམར་དམག་གི་རྨས་མ་ཉིས་བརྒྱ་ལྷག་ཙམ་གྱི་མིང་བོད་མིང་དུ་བསྒྱུར།ལིས་ལི་ཆི་ནི་དམར་དམག་དཔུང་ཚོགས་གཉིས་པའི་འཐབ་འཛིང་གི་ཇུས་འདོན་མཁན་ཞིག་ཡིན་པ་དང་།དགེ་རྟག་སྤྲུལ་སྐུས་ཁོང་ལ་ནོར་བུ་རིན་ཆེན་ཞེས་བཏགས་ཤིང་།ཁོང་ལ་འཇོན་ཐང་ཆེ་བ་མཐོང་རྗེས་ཁོང་ཉིད་བེ་རི་དགོན་པའི་གཉེར་པ་ལ་བསྐོས་པར་མ་ཟད།ད་དུང་ཁོང་ལ་བོད་རིགས་མནའ་མ་ཞིག་ཡང་བླངས་པ་རེད། མིང་ལ་དབྱང་ཧ་ཁྲེང་ཟེར་བའི་དམར་དམག་བརྒྱ་དཔོན་ཞིག་ཡོད་པ་དེ་ནི་ཁྲོན་པེ་ཚང་ཞི་རྫོང་ནས་ཡིན་པ་དང་།དགེ་རྟག་སྤྲུལ་སྐུས་ཁོང་གི་བོད་མིང་ལ་བཀྲ་ཤིས་ནོར་བུ་ཞེས་བཏགས། ནད་པ་ཁ་ཤས་ཀྱི་བདེ་ཐང་སླར་གསོ་བྱུང་རྗེས་ཕ་ཡུལ་ལ་ལོག་འདོད་ཡོད་པར།དགེ་རྟག་སྤྲུལ་སྐུས་རོགས་སྐྱོར་བྱས་ནས་ཉེན་མེད་ངང་ནང་ལོག་ཏུ་བསྐྱལ།


  • ལེ་ཚན་སྔོན་མ།: ཞིང་པ་དབུལ་ཕོངས་ནས་འཚར་ལོངས་བྱུང་བའི་ཁུལ་དཔོན་མཁྱེན་རབ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།