སློབ་གསོ་པུའུ་ཡིས་སློབ་ཆུང་ལོ་རིམ་དང་པོ་དང་ལོ་རིམ་གཉིས་པ་ལ་ཤོག་རྒྱུགས་མི་སྤྲད་པའི་བླང་བྱ་གསར་པ་བཏོན་འདུག

བདེ་ཆེན་གྱིས་བསྒྱུར།        2021-09-01

སློབ་གསོ་པུའུ་ཡིས་སློབ་ཆུང་ལོ་རིམ་དང་པོ་དང་ལོ་རིམ་གཉིས་པ་ལ་ཤོག་རྒྱུགས་མི་སྤྲད་པའི་བླང་བྱ་གསར་པ་བཏོན་འདུག

སྤྱི་ཟླ8པའི་ཚེས30ཉིན་ལ་སློབ་གསོ་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སྟོན་དུས་ཀྱི་སློབ་དུས་ནང་གི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་སློབ་ཁྲིད་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། 

སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པ་ལ་ཤོག་རྒྱུགས་ལེན་མི་ཆོག 

    སློབ་མའི་རྒྱུགས་ལེན་གྱི་གནོན་ཤུགས་ཆུང་དུ་གཏང་ཆེད། སློབ་གསོ་པུའུ་ཡིས《འོས་འགན་སློབ་གསོའི་སློབ་གྲྭའི་རྒྱུགས་ལེན་དོ་དམ་ལ་ཤུགས་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》དཔར་འགྲེམ་བྱས་ཤིང་། རྒྱུགས་ལེན་གྱི་ནུས་པ་དམ་འཛིན་ཡང་དག་དང་རྒྱུགས་ལེན་གྱི་ཐེངས་གྲངས་ཉུང་དུ་གཏོང་བ། རྒྱུགས་ལེན་གྱི་འབྲས་བུ་ལུགས་མཐུན་ངང་སྤྱོད་པ་དང་སློབ་སྦྱོང་བརྒྱུད་རིམ་གྱི་གདེང་འཇོག་འཐུས་ཚང་དུ་གཏོང་བ་སོགས་ཀྱི་བླང་བྱ་བཏོན་པ་རེད།འོས་འགན་སློབ་གསོ་དུས་རིམ་གྱི་རྒྱུགས་ལེན་གཙོ་བོ་ནི་སློབ་སྦྱོང་གི་གནས་ཚུལ་དང་སློབ་ཁྲིད་གནས་ཚུལ་ལ་བརྟག་དཔྱད་བྱ་བ་དང་།སློབ་ཁྲིད་ལ་ཤུགས་སྣོན་དང་ལེགས་སུ་གཏང་བ།སློབ་ཁྲིད་སྤུས་ཚད་ལ་གདེང་འཇོག་བྱེད་པ་སོགས་ཀྱི་ཐད་ནས་ནུས་པ་འདོན་སྤེལ་བྱེད་དགོས།དམའ་རིམ་སློབ་འབྲིང་གི་སྦྱངས་འབྲས་ཆུ་ཚད་རྒྱུགས་ལེན་བྱེད་པ་ཕུད།རྒྱུགས་ལེན་གཞན་དག་ལ་ཞིབ་འབྱེད་གདམ་གསེས་ཀྱི་ནུས་པ་ཡོད་པ་མ་རེད། 

    《བརྡ་ཐོ》ནང་སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ཤོག་རྒྱུགས་སྤྲད་མི་ཆོག་པ་དང་། ལོ་རིམ་གཞན་དག་ལ་སློབ་གྲྭས་སློབ་དུས་རེར་སློབ་མཇུག་གི་རྒྱུགས་ཐེངས་རེ་ལེན་པ་དང་།དམའ་འབྲིང་ལོ་རིམ་གྱིས་རིག་ཚན་མི་འདྲ་བའི་དོན་དངོས་ལ་གཞིགས་ནས་འོས་འཚམ་གྱི་བར་རྒྱུགས་རེ་བཀོད་སྒྲིག་བྱ་ཆོག།རྒྱུགས་ལེན་གྱི་དཀའ་གནད་ལུགས་མཐུན་ངང་ཚོད་འཛིན་བྱས་ནས་སློབ་ཁྲིད་ཀྱི་སློབ་ཚན་ལས་བརྒལ་བ་དང་སློབ་ཁྲིད་ཀྱི་མྱུར་ཚད་ལས་བརྒལ་བའི་བརྗོད་བྱ་གཏན་འགོག་བྱ་དགོས། རྒྱུགས་ལེན་གྱི་མཇུག་འབྲས་ལུགས་དང་མཐུན་པར་སྤྱོད་དགོས་པ་དང་།སློབ་གྲྭའི་བར་རྒྱུགས་དང་སློབ་མཇུག་གི་རྒྱུགས་ལེན་ལ་རིམ་པ་དབྱེ་ནས་གདེང་འཇོག་བྱ་དགོས།རྒྱུགས་ལེན་དང་ལས་བྱ། དུས་རྒྱུན་གྱི་གདེང་འཇོག། སྤུས་ཚད་ལྟ་ཞིབ་ཚད་ལེན་སོགས་ཀྱི་འབྲེལ་བ་གཅིག་གྱུར་འཆར་འགོད་དང་ཐག་གཅོད་ཡག་པོ་བྱས་ཏེ། སློབ་མའི་ཕྱོགས་བསྡུས་བྱང་ཚད་དང་སློབ་སྦྱོང་གི་གོམས་གཤིས། སློབ་སྦྱོང་གི་སྣང་ཚུལ། སློབ་སྦྱོང་གི་ནུས་པ།གསར་གཏོད་ཀྱི་སྙིང་སྟོབས་སོགས་ཀྱི་ཐད་ནས་ཕྱོགས་བསྡུས་གདེང་འཇོག་བྱ་རྒྱུར་མཐོང་ཆེན་བྱ་དགོས། 

མིང་གང་རུང་གི་ཐོག་ནས་གཙོ་གནད་འཛིན་གྲྭ་འཛུགས་མི་ཆོག། 

    ཚོགས་འདུའི་ཐོག་བརྡ་ཁྱབ་བཏང་དོན། སློབ་དུས་གསར་པ་མགོ་ཚུགས་རྗེས། འོས་འགན་སློབ་གསོའི་སློབ་གྲྭས་དོ་མཉམ་ངང་འཛིན་གྲྭ་སྒྲིག་པའི་བཅའ་ཁྲིམས་ཀྱི་གཏན་འབེབས་ལག་བསྟར་ནན་པོ་བྱེད་དགོས་པ་ལས།མིང་གང་རུང་གི་ཐོག་ནས་གཙོ་གནད་འཛིན་གྲྭ་འཛུགས་མི་ཆོག། དོ་མཉམ་ངང་དགེ་རྒན་བཀོད་སྒྲིག་བྱེད་དགོས། སློབ་ཁྲིད་འཆར་གཞི་ལག་བསྟར་ནན་པོ་བྱེད་དགོས་པ་དང་།སློབ་ཁྲིད་ཀྱི་དུས་ཚོད་འཕྲི་སྣོན་བྱ་རྒྱུ་དང་དཀའ་ཚད་འགྱུར་བཅོས། མྱུར་ཚད་བཅོས་སྒྲིག་བཅས་གང་མོས་བྱེད་མི་ཆོག་པ་དང་། སློབ་ཚན་གྲོལ་རྗེས་ཞབས་ཞུའི་དུས་ཚོད་སྤྱད་དེ་སློབ་ཚན་གསར་པ་སློབ་ཁྲིད་བྱེད་མི་ཆོག། 

    ལས་བྱ་དོ་དམ་གྱི་གཏན་འབེབས་ལག་བསྟར་ནན་པོ་བྱ་དགོས།ཁྱིམ་བདག་ལ་ལས་བྱ་བཀོད་སྒྲིག་བྱེད་མི་ཆོག་པ་དང་།ཁྱིམ་བདག་ལ་ལས་བྱ་བཅོས་པ་དང་ལས་བྱ་ཞིབ་བཤེར་བྱ་རྒྱུའི་བླང་བྱ་འདོན་པ་གཏན་འགོག་བྱ་དགོས། བསྐྱར་ཟློས་རང་བཞིན་དང་ཆད་གཅོད་རང་བཞིན་གྱི་ལས་བྱ་སྤྲད་མི་ཆོག། སློབ་མ་ལ་རང་གི་ལས་བྱ་རང་གིས་བཅོས་པའི་བླང་བྱ་འདོན་མི་ཆོག། རྒྱུགས་ལེན་དོ་དམ་གྱི་གཏན་འབེབས་ལག་བསྟར་ནན་པོ་བྱ་དགོས།སྒྲིག་འགལ་ངང་རྒྱུགས་ལེན་སྒྲིག་འཛུགས་བྱེད་མི་ཆོག་པ་དང་།རྒྱུགས་ལེན་གྱི་མཇུག་འབྲས་ལ་ཨང་རིམ་མི་དབྱེ་བ་དང་ཁྱབ་བསྒྲགས་མི་བྱེད་པར་མ་ཟད་བྱ་ཐབས་འོས་འཚམ་སྤྱད་ནས་ཁྱིམ་བདག་དང་སློབ་མར་ཤེས་སུ་བཅུག་དགོས།རྒྱུགས་ལེན་གྱི་མཇུག་འབྲས་ལ་གཞིགས་ནས་སློབ་མར་འཛིན་གྲྭ་དབྱེ་བ་དང་སྡོད་ས་སྒྲིག་པ།ཤོག་བྱང་སྦྱར་བ་བཅས་བྱེད་མི་ཆོག།

 


  • ལེ་ཚན་སྔོན་མ།:གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་འགོག་ཁབ་རྒྱག་ཚད100﹪ལ་ཟིན།
  • ལེ་ཚན་རྗེས་མ།:གཟོབས། གླ་ཕོགས་འདི་ཚོ་གང་མོས་གཅག་མི་ཆོག།
  • དོ་སྣང་ཆེ་བའི་རྩོམ།