མཚོ་སྔོན་བོད་ཡིག་འཕྲིན་སྟེགས། 2021-09-03
སློབ་ཁྲིད་རྗེས་ཀྱི་ཞབས་ཞུ་ཁྱོན་ཡོངས་ལ་ཁེབས་པར་སྐུལ་འདེད་བཏང་ནས། དགེ་རྒན་ལས་ཚོགས་སུ་ཞུགས་པ་དང་ལས་ཚོགས་གྲོལ་བའི་དུས་ཚོད་ལ་བརྐྱང་བསྐུམ་རང་བཞིན་ཡོད་པར་བྱེད་དགོས།
སློབ་ཁྲིད་རྗེས་ཀྱི་ཞབས་ཞུར་སྐུལ་འདེད་གཏོང་བ་ནི“ཇེ་ཡང་དུ་གཏོང་བ་གཉིས”ཀྱི་བྱ་བའི་དམིགས་འབེན་མངོན་འགྱུར་ཡོང་བར་འདེགས་སྐྱོར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། སློབ་གྲྭའི་སློབ་གཉེར་ཁྱད་ཆོས་མངོན་པ་དང་སློབ་མ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། ད་ལོའི་ཟླ6པར། སློབ་གསོ་པུའུ་ཡིས་སློབ་ཁྲིད་རྗེས་ཀྱི་ཞབས་ཞུའི་བྱ་བ་སྔར་ལས་ཡག་པོ་བསྒྲུབ་རྒྱུའི་བརྡ་ཐོ་བཏང་ཞིང་། དབྱར་གནང་གི་སྐབས་སུ་ས་གནས་སོ་སོས་སློབ་ཁྲིད་རྗེས་ཀྱི་ཞབས་ཞུའི་ཐད་ལ་གྲ་སྒྲིག་ཞིབ་ཚགས་བྱས་ཏེ། སློབ་སྐབས་གསར་པར་སློབ་གྲྭ་སོ་སོར་ཁེབས་པར་བྱེད་རྒྱུ་དང་། དུས་ཚོད“5+2”འགན་སྲུང་བྱེད་པ། ནང་དོན་ཕུན་སུམ་ཚོགས་པར་བཏང་ནས་སློབ་མ་མང་པོ་ཟབ་ཞུགས་བྱེད་དུ་འཇུག་རྒྱུ་རེད།
དགེ་རྒན་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱས་ཏེ་དགེ་རྒན་ལས་ཚོགས་ལ་ཞུགས་པ་དང་ལས་ཚོགས་གྲོལ་བའི་དུས་ཚོད་ལ་ལྡེམ་ཤུགས་ཡོད་པར་བྱེད་པ་དང་། སློབ་ཁྲིད་རྗེས་ཀྱི་ཞབས་ཞུའི་ནང་ཞུགས་པའི་དགེ་རྒན་ལ་ཁ་གསབ་འོས་འཚམ་སྟེར་རྒྱུ་རེད། སློབ་ཁྲིད་རྗེས་ཀྱི་ཞབས་ཞུའི་ཐད་ལ་ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་གདན་ཞུ་དང་། བློ་རིག་ལྡན་པའི་སྤྱི་ཚོགས་ཆེད་ལས་མི་སྣའམ་དང་བླངས་པ་ཟབ་ཞུགས་བྱེད་དུ་བཅུག་ནས། ལོ་ཆུང་ཕོ་བྲང་དང་ལོ་ཆུང་གཞོན་ནུའི་བྱ་འགུལ་ལྟེ་གནས་སོགས་སྤྱི་ཚོགས་ཐོན་ཁུངས་གང་ལེགས་སྒོས་བེད་སྤྱོད་བྱེད་རྒྱུ་རེད།
སློབ་མར་རྒྱུགས་ལེན་པའི་གནོན་ཤུགས་ཇེ་ཉུང་དུ་བཏང་ནས། སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ཤོག་ངོས་ཀྱི་ཡིག་རྒྱུགས་མི་ལེན་པར་བྱེད་རྒྱུ།
སློབ་མའི་རྒྱུགས་ལེན་གནོན་ཤུགས་དངོས་གནས་ཇེ་དམའ་རུ་གཏོང་ཆེད།སློབ་གསོ་པུའུ་ཡིས《འོས་འགན་སློབ་གསོའི་སློབ་གྲྭའི་རྒྱུགས་ལེན་དོ་དམ་ལ་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ》སྤེལ་ནས། རྒྱུགས་ལེན་གྲངས་ཚད་མཐོན་པོས་ཇེ་ཉུང་དུ་གཏོང་བ་དང་རྒྱུགས་གཞི་ལ་དོ་དམ་བྱེད་ཚད་ཚད་ལྡན་དུ་གཏོང་བ།རྒྱུགས་འབྲས་ལུགས་མཐུན་སྒོས་བཀོལ་སྤྱོད་བྱེད་པ་སོགས་ཀྱི་བླང་བྱ་བཏོན་ཡོད།འོས་འགན་སློབ་གསོའི་དུས་རིམ་གྱི་ཡིག་རྒྱུགས་ནང་གཙོ་བོ་སློབ་སྦྱོང་གི་གནས་ཚུལ་དང་སློབ་ཁྲིད་ཀྱི་གནས་ཚུལ་ལ་བརྟག་དཔྱད་བྱེད་པ་དང་། སློབ་ཁྲིད་ལ་ཤུགས་སྣོན་པ། སློབ་ཁྲིད་ཀྱི་རྒྱུ་སྤུས་ལ་གདེང་འཇོག་བྱེད་པ་སོགས་ཀྱི་བྱེད་ནུས་ལེགས་བསྒྱུར་བྱེད་རྒྱུ་དང་། དམའ་འབྲིང་གི་སྦྱངས་འབྲས་ཆུ་ཚད་རྒྱུགས་ལེན་ཕུད་པའི་ཡིག་རྒྱུགས་གཞན་དག་ལ་ཞིབ་འབྱེད་དང་གདམ་གསེས་ཀྱི་ནུས་པ་མེད་པར་བྱེད་རྒྱུ།
《བརྡ་ཐོ》ནང་སློབ་ཆུང་གི་ལོ་རིམ་དང་པོ་དང་གཉིས་པར་ཤོག་ངོས་ཀྱི་ཡིག་རྒྱུགས་མི་ལེན་པ་དང་། ལོ་རིམ་གཞན་དག་ལ་སློབ་སྐབས་རེར་སློབ་མཇུག་གི་ཡིག་རྒྱུགས་ཐེངས་རེ་ལེན་རྒྱུ་དང་།དམའ་འབྲིང་གི་སློབ་མར་རིག་ཚན་མི་འདྲ་བ་དང་བསྟུན་ནས་འོས་འཚམ་གྱིས་བར་རྒྱུགས་ཐེངས་རེ་བཀོད་སྒྲིག་བྱེད་ཆོག་པ་རེད།
སློབ་ཁྲིད་རྗེས་ཀྱི་ཞབས་ཞུའི་དུས་ཚོད་བེད་སྤྱད་ནས་སློབ་ཁྲིད་གསར་པ་བྱེད་མི་ཆོག་པ་དང་། མིང་གང་རུང་གི་ཐོག་ནས་གཙོ་གནད་འཛིན་གྲྭ་བཙུགས་མི་ཆོག།
སློབ་སྐབས་གསར་པ་མགོ་ཚུགས་རྗེས། འོས་འགན་སློབ་གསོའི་སློབ་གྲྭས་འཛིན་གྲྭ་དོ་མཉམ་ཡོང་བའི་བཅའ་ཁྲིམས་གཏན་འབེབས་གཟབ་ནན་གྱིས་ལག་བསྟར་བྱེད་དགོས་པ་ལས། མིང་གང་རུང་གི་ཐོག་ནས་གཙོ་གནད་འཛིན་གྲྭ་བཙུགས་མི་ཆོག་པ་དང་། དགེ་རྒན་བཀོད་སྒྲིག་དོ་མཉམ་ཡོང་བར་བྱེད་དགོས། སློབ་ཁྲིད་འཆར་གཞི་གཟབ་ནན་གྱིས་ལག་བསྟར་བྱེད་པ་ལས་རང་དགར་སློབ་ཚན་སྣོན་འཕྲི་དང་། དཀའ་ཚད་བསྒྱུར་བཅོས། མྱུར་ཚད་ལེགས་སྒྲིག་བཅས་བྱེད་མི་ཆོག་པ་དང་། སློབ་གསེང་ཞབས་ཞུའི་དུས་ཚོད་བེད་སྤྱད་ནས་སློབ་ཚན་གསར་པ་ཁྲིད་མི་ཆོག བྱ་བའི་དོ་དམ་གྱི་གཏན་འབེབས་ལག་བསྟར་ནན་མོ་བྱེད་པ་དང་།ཁྱིམ་བདག་ལ་ལས་བྱ་བཀོད་སྒྲིག་བྱེད་པའམ་ཡང་ན་རྣམ་པ་བསྒྱུར་ནས་བཀོད་སྒྲིག་བྱེད་པ་གཏན་འགོག་བྱེད་དགོས། ཁྱིམ་བདག་ལ་ལས་བྱ་ཞིབ་བཤེར་དང་དག་བཅོས་བྱེད་དགོས་པའི་རེ་བ་བཏོན་མི་ཆོག བསྐྱར་ཟློས་རང་བཞིན་དང་ཆད་གཅོད་རང་བཞིན་གྱི་ལས་བྱ་གཏན་འགོག་བྱས་ཏེ། སློབ་མར་རང་གི་ལས་བྱར་རང་གིས་དག་བཅོས་བྱེད་དགོས་པའི་རེ་བ་བཏོན་མི་ཆོག རྒྱུགས་ལེན་དོ་དམ་གཏན་འབེབས་ལག་བསྟར་ནན་མོ་བྱེད་པ་ལས་སྒྲིག་འགལ་ངང་ཡིག་རྒྱུགས་བླངས་མི་ཆོག་པ་དང་། རྒྱུགས་འབྲས་ཨང་རིམ་མི་དགར་བ་དང་ཁྱབ་སྒྲོག་མི་བྱེད་པར། བྱེད་ཐབས་འོས་འཚམ་གྱི་ཐོག་ནས་སློབ་མ་དང་ཁྱིམ་བདག་ལ་བཤད་པ་ལས། ཡིག་རྒྱུགས་ཀྱི་འབྲས་བུ་གཞིར་བཟུང་ནས་འཛིན་གྲྭ་དགར་བ་དང་འདུག་སྟེགས་དབྱེ་བ་སོགས་བྱེད་མི་ཆོག
སློབ་ཁྲིད་ཀྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ནས། སློབ་ཆུང་ལོ་རིམ་དང་པོར་མགོ་རྩོམ་ས་གསར་པ་ནས་སློབ་ཁྲིད་བྱེད་དགོས།
སློབ་ཁང་ནི་སློབ་གྲྭའི་སློབ་གསོའི་སློབ་ཁྲིད་བྱ་བའི་གཡུལ་ས་གཙོ་བོ་ཡིན་པས། སློབ་གྲྭས་སློབ་ཁང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ལྟེ་བའི་ལས་འགན་དུ་བརྩིས་ཡོད། སློབ་གསོ་སྡེ་ཁག་གིས་སློབ་གྲྭས་སློབ་ཁྲིད་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བར་མཛུབ་སྟོན་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་སློབ་ཁྲིད་འཆར་གཞི་བཟོ་བ་དང་། རྒྱལ་ཁབ་ཀྱིས་གཏན་འབེབ་བྱས་པའི་སློབ་ཚན་འདང་ངེས་ལེགས་སྒྲིག་བྱེད་པར་འགན་ལེན་ཏན་ཏིག་དང་། དགེ་རྒན་གྱི་སློབ་ཁྲིད་བྱེད་སྟངས་ལེགས་འགྱུར་ཡོང་བར་སྐུལ་མ་དང་རྒྱབ་སྐྱོར་བྱེད་པ།སློབ་མའི་སློང་ཁང་གི་སློབ་སྦྱོང་ལས་ཆོད་མཐོ་རུ་གཏོང་བ་བཅས་བྱེད་དགོས།
ཁྱིམ་བདག་དང་སློབ་གྲྭའི་བར་གྱི་འབྲེལ་འདྲིས་དང་དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་བསྣན་ནས། ཁྱིམ་བདག་གིས་ཧུར་ཐག་སྒོས“ཇེ་ཡང་དུ་གཏོང་བ་གཉིས”ཀྱི་བྱ་བར་རྒྱབ་སྐྱོར་བྱེད་པར་བརྩོན་ལེན་བྱེད་དགོས།
ས་གནས་ཁག་གི་སློབ་གྲྭ་སོ་སོས་ཁྱིམ་བདག་ཚོགས་འདུ་དང་། ཁྱིམ་བདག་སློབ་གྲྭ། ཁྱིམ་བདག་ཨུ་ཡོན་ལྷན་ཚོགས། སློབ་གྲྭའི་སྒོ་འབྱེད་ཉིན་མོ། ཁྱིམ་བདག་ལ་སྤྲིངས་པའི་འཕྲིན་ཡིག་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་དེ།རྒྱ་ཆེའི་ཁྱིམ་བདག་རྣམ་པར་ཀྲུང་དབྱང་གི“ཇེ་ཡང་དུ་གཏོང་བ་གཉིས”ཀྱི་སྲིད་ཇུས་བླང་བྱ་དྲིལ་སྒྲོག་གཏིང་ཟབ་བྱེད་པ་དང་། རང་ས་གནས་དང་རང་སློབ་གྲྭའི་བྱ་བའི་ཇུས་གཞི་དང་ཞིབ་ཕྲའི་བྱེད་ཐབས་ལག་བསྟར་བྱེད་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱེད་པ། ཁྱིམ་བདག་དང་འབྲེལ་འདྲིས་དམ་ཟབ་བྱེད་པ། ཁྱིམ་བདག་གིས་སློབ་གྲྭའི“ཇེ་ཡང་དུ་གཏོང་བ་གཉིས”ཀྱི་འབྲེལ་ཡོད་བྱ་བར་རང་འགུལ་སྒོས་རྒྱབ་སྐྱོར་བྱེད་པ་བཅས་བརྩོན་ལེན་བྱས་ཏེ། ཁྱིམ་བདག་དང་སློབ་གྲྭས་མཐུན་སྦྱོར་སྒོས་མི་སྣ་གསོ་སྐྱོང་དང་འགན་ཁུར་ཇེ་ཡང་དུ་གཏོང་བའི་མཉམ་ཤུགས་ཆགས་སུ་འཇུག་དགོས།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10