ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་པེ་ཅིང་ནས་འཚོགས།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-08-31

ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་པེ་ཅིང་ནས་འཚོགས།

      ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ཟླ8པའི་ཚེས27ཉིན་ནས་ཚེས28ཉིན་བར་པེ་ཅིང་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནངས་ཏེ། ང་ཚོའི་ཏང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དམ་འཛིན་ཡང་དག་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་ཆགས་པར་བྱེད་པ་གཙོར་བཟུང་སྟེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་ཏུ་བསྐྱོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་བློའི་གཞིས་ཁྱིམ་བསྐྲུན་པ།མི་རིགས་སོ་སོའི་འབྲེལ་འདྲིས་དང་བརྗེ་རེས། མཉམ་འདྲེས་བཅས་ལ་ཡར་སྐུལ་བྱེད་པ།མི་རིགས་ས་ཁུལ་གྱིས་དེང་རབས་ཅན་གྱི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་བ། མི་རིགས་ལས་དོན་བཅོས་སྐྱོང་བྱེད་པའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ། མི་རིགས་ས་ཁོངས་ཀྱི་མི་མངོན་པའི་ཉེན་ཁར་དོགས་ཟོན་དང་ཞི་འཇགས་སུ་གཏོང་བ། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་བཏང་སྟེ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་སློང་བྱེད་དགོས།

     ལིས་ཁི་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ལེ་ཀྲན་ཧྲུའུ་དང་ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས། ཝང་དབྱང་གིས་སྤྱི་བསྡོམས་གཏམ་བཤད་སྤེལ།

     ཞི་ཅིན་ཕིང་གིས་གསུང་བཤད་ནང་བསྟན་དོན། ཏང་གི་ལོ་བརྒྱའི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱིར་བལྟ་བྱས་ན། ཏང་གི་མི་རིགས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་ཞིག་ཏུ་ཞུགས་པ་དེ་ཡིན། བཅོས་བསྒྱུར་སྒོ་འབྱེད་དང་ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ།ང་ཚོའི་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་མོ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་སོགས་ཀྱི་ནང་དོན་ནན་གྱིས་བསྟན་ཡོད།སྔར་སོང་རྒྱུན་འཛིན་བྱས་ཡོད་པར་མ་ཟད་དུས་བསྟུན་མདུན་སྐྱོད་སྒོས་ཏང་གི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱས་ཏེ། མི་རིགས་གནད་དོན་ཁོང་དུ་ཆུད་པ་དང་མི་རིགས་བྱ་བ་བཟང་བོར་བསྒྲུབས་པའི་ཉམས་མྱོང་རྩ་ཆེན་བསགས་ཡོད་ལ།ཏང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཆགས་ཡོད། དེ་མདོར་དྲིལ་ན་གཤམ་གྱི་ཕྱོགས་འགར་བསྡུས་ཆོག

      གཅིག ངེས་པར་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་མཐོ་ཚད་ནས་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་ལོ་རྒྱུས་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་དེ་མགོ་རྩོམ་ས་དང་རྐང་ཚུགས་སར་བྱས་ཏེ། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བར་གཅིག་གྱུར་འཆར་འགོད་དང་ཡར་སྐུལ་བྱེད་དགོས།

     གཉིས། ངེས་པར་དུ་མི་རིགས་སོ་སོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མཉམ་དུ་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་བ་དེ་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་ལས་འགན་གལ་ཆེན་དུ་བྱས་ནས། མི་རིགས་སོ་སོ་དུས་རབས་ཀྱི་འགྲོས་དང་བསྟུན་ནས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

     གསུམ། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་གཙོ་སྙིང་དུ་བྱས་ཤིང་། མི་རིགས་སོ་སོས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས།ཀྲུང་གོ་གུང་ཁྲན་ཏང། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཚད་མཐོའི་ཁས་ལེན་བཅས་ལ་སྐུལ་འདེད་གང་ལེགས་བྱས་ནས།རྒྱུན་ཆད་མེད་པར་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་ཡར་སྐུལ་བྱེད་དགོས།

     བཞི། ངེས་པར་དུ་ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཁས་ལེན་དང་ལ་རྒྱའི་ཚོར་བ་ཇེ་དྲག་ཏུ་གཏོང་དགོས།

      ལྔ། ངེས་པར་དུ་མི་རིགས་སོ་སོ་འདྲ་མཉམ་ཡོང་བ་རྒྱུན་འཁྱོངས་སྒོས་མི་རིགས་སོ་སོས་མཉམ་དུ་བདག་པོ་བྱེད་པ་དང་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་ཁྲོད་ཞུགས་པར་ཁག་ཐེག་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས།

     དྲུག ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོའི་དར་ཆ་མཐོན་པོར་བསྒྲེངས་ཏེ། མི་རིགས་སོ་སོ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་མོའི་ཁྲོད་སེ་འབྲུ་བཞིན་དུ་མཐུན་སྒྲིལ་དམ་པོ་ཡོང་བར་སྐུལ་འདེད་གཏོང་དགོས།

    བདུན། ངེས་པར་དུ་མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། ཏང་ཀྲུང་དབྱང་གི་སྲིད་འཛིན་བཀའ་རྒྱ་བཀག་མེད་ཡོང་བར་འགན་སྲུང་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་བྱེད་པར་འགན་སྲུང་བྱས་ནས།མི་རིགས་སོ་སོའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོའི་ལེགས་བཅོས་ལ་རྒྱབ་སྐྱོར་དང་།ཐུན་མོང་འཕེལ་རྒྱས་དང་ཐུན་མོང་འབྱོར་ཕྱུག་མངོན་འགྱུར་བྱེད་དགོས།

    བརྒྱད། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་བློའི་གཞིས་ཁྱིམ་བསྐྲུན་ཏེ། མི་རིགས་སོ་སོའི་སེམས་ཤུགས་གཅིག་ཏུ་དྲིལ་ནས་གཅིག་ལ་གཅིག་བརྟེན་བྱས་ཐོགསེམས་ཤུག་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་བློའི་སྦྲེལ་ཐག་ཆགས་སུ་འཇུག་དགོས།

    དགུ། ངེས་པར་དུ་མི་རིགས་སོ་སོའི་འབྲེལ་འདྲིས་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་སོ་སོ་ཕུགས་བསམ་དང་འདུ་ཤེས། བརྩེ་བ། རིག་གནས་བཅས་ཀྱི་ཐད་ནས་མཐུན་སྒྲིལ་གཅིག་གྱུར་ཡོང་བར་སྐུལ་མ་བཏང་སྟེ།ཕན་ཚུན་རོགས་འདེགས་དང་བརྩེ་བ་ཟབ་མོ་ཆགས་པར་བྱེད་དགོས།

   བཅུ། ངེས་པར་དུ་ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་སྒོས་མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་ཡར་སྐུལ་བྱེད་དགོས།

   བཅུ་གཅིག། ངེས་པར་དུ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས།འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། མི་རིགས་སོ་སོས་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བྱེད་པར་སློབ་གསོའི་ཁྲིད་སྟོན་བྱས་ཏེ། རང་རྟོགས་ཀྱིས་མེས་རྒྱལ་གཅིག་གྱུར་དང་རྒྱལ་ཁབ་བདེ་འཇགས། སྤྱི་ཚོགས་གཏན་འཇགས་བཅས་ལ་སྲུང་སྐྱོབ་བྱེད་དགོས།

    བཅུ་གཉིས། ངེས་པར་དུ་ཏང་གིས་མི་རིགས་བྱ་བར་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། མི་རིགས་གནད་དོན་ཐག་གཅོད་བྱེད་པ་དང་མི་རིགས་བྱ་བ་བཟང་བོར་བསྒྲུབས་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། ང་ཚོའི་ཏང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ནི་ཏང་གི་མི་རིགས་བྱ་བའི་གཞུང་ལུགས་དང་ལག་ལེན་གྱི་རིག་པའི་ཉིང་བཅུད་ཡིན་པ་དང་། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་གཞི་རྩའི་རྩ་དོན་ཡིན་པས། ཏང་ཡོངས་ཀྱིས་ངེས་པར་དུ་འཐུས་སྒོ་ཚང་ཞིང་ཡང་དག་པའི་སྒོ་ནས་དམ་འཛིན་དང་ལག་ལེན་བྱེད་དགོས།

 

ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་པེ་ཅིང་ནས་འཚོགས།

     ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་བཟང་བོར་བསྒྲུབས་པར་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་ཏང་གི་མི་རིགས་བྱ་བའི་གཙོ་སྙིང་དུ་འཛིན་དགོས།ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས་ན། རིགས་སོ་སོའི་མི་དམངས་ཀྱིས་དཀའ་སྡུག་མཉམ་མྱོང་དང་གཟི་བརྗིད་དང་བརྙས་བཅོས་མཉམ་མྱོང་། ཤི་གསོན་མཉམ་མྱོང་། ལས་དབང་མཉམ་མྱོང་བཅས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་ཆགས་པར་ཁྲིད་སྟོན་བྱེད་དགོས།ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་ནི་མི་རིགས་སོ་སོའི་གཞི་རྩའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ན་རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པའི་བསམ་བློའི་ལྕགས་རི་བརྟན་པོ་འཛུགས་ཐུབ།མི་རིགས་སོ་སོས་མཉམ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་གཏན་འཇགས་ལ་སྲུང་སྐྱོབ་བྱས་ན། ད་གཟོད་ཕན་ནུས་ལྡན་པའི་སྒོ་ནས་ཐལ་དྲགས་པའི་ཁ་བྲལ་བསམ་བློ་སྣ་ཚོགས་འབྱུང་བར་སྔོན་འགོག་བྱེད་ཐུབ་པ་དང་། ད་གཟོད་རིགས་སོ་སོའི་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་རེ་སྨོན་མངོན་འགྱུར་བྱེད་ཐུབ་ལ། ད་གཟོད་མི་རིགས་སོ་སོའི་གཞི་རྩའི་ཁེ་ཕན་མངོན་འགྱུར་བཟང་བོ་དང་སྲུང་སྐྱོབ་བཟང་བོ།འཕེལ་རྒྱས་གང་ལེགས་སུ་གཏོང་ཐུབ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དགོས་ངེས་རེ་བ་མངོན་འགྱུར་བྱེད་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ན་ད་གཟོད་ཕན་ནུས་ལྡན་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྒྱུད་རིམ་ཁྲོད་ཀྲུང་ཧྭ་མི་རིགས་ཁྱབ་ཁོངས་སུ་འབྱུང་སྲིད་པའི་ཉེན་ཁ་དང་འགྲན་རྩོད་ཐག་གཅོད་བྱེད་ཐུབ་ལ། ད་གཟོད་ཏང་དང་རྒྱལ་ཁབ་དར་ཞིང་རྒྱས་པ་དང་ཡུན་རིང་བདེ་འཇགས་ཡོང་བར་བསམ་བློའི་ཁག་ཐེག་གལ་ཆེན་འདོན་སྤྲོད་བྱེད་ཐུབ།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་ནི་འདྲ་མཉམ་དང་མཐུན་སྒྲིལ།རོགས་རེས། འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བའི་དགོས་ངེས་ཀྱི་རེ་བ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ལས་སྐལ་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ན་ད་གཟོད་མི་རིགས་སོ་སོའི་ཀྲུང་ཧྭ་མི་རིགས་ཀྱི་རང་རྟོགས་ཡིད་ཆེས་ཇེ་དྲག་ཏུ་བཏང་སྟེ་རང་རྒྱལ་གྱི་མི་རིགས་འབྲེལ་བའི་འཕེལ་རྒྱས་ཀྱི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་ཐུབ་པར་མ་ཟད། ཀྲུང་ཧྭ་མི་རིགས་དེ་ཡིད་ཆེས་ཀྱི་ཚད་སྔར་ལས་མཐོ་བ་དང་འདྲིལ་ཤུགས་ནུས་པ་སྔར་ལས་ཆེ་བའི་ཐུན་མོང་ཚོགས་པར་འགྱུར་བར་སྐུལ་འདེད་གཏོང་ཐུབ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་ནི་ཏང་གི་མི་རིགས་བྱ་བར་རྣམ་པ་གསར་བ་བསྐྲུན་པའི་དགོས་ངེས་ཀྱི་རེ་བ་ཡིན་ལ། དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ཐུན་མོང་རང་བཞིན་ཇེ་དྲག་ཏུ་གཏོང་བའི་ཁ་ཕྱོགས་ལྟར་མི་རིགས་བྱ་བ་ལེགས་བཅོས་བྱས་ཏེ།ཐུན་མོང་རང་བཞིན་དང་བར་ཁྱད་རང་བཞིན་གྱི་རྩོད་སྒྲུབ་གཅིག་གྱུར་དང་མི་རིགས་རྒྱུ་རྐྱེན། ས་ཁོངས་རྒྱུ་རྐྱེན་བཅས་ཟུང་འབྲེལ་གང་ལེགས་བྱས་ན།ད་གཟོད་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་ཞིབ་ཚགས་ལྡན་པར་བཟང་བོར་བསྒྲུབ་ཐུབ།

       ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་མི་རིགས་བྱ་བ་གསར་གཏོད་འཕེལ་རྒྱས་བྱེད་དགོས་ན།རྙིང་བ་ལེགས་བསྒྱུར་བྱས་པའི་ཡང་དག་པ་རྒྱུན་འཁྱོངས་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས།ཐུན་མོང་རང་བཞིན་དང་བར་ཁྱད་རང་བཞིན་གྱི་འབྲེལ་བ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་དགོས་ལ།ཐུན་མོང་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། བར་ཁྱད་རང་བཞིན་ལ་བརྩི་འཇོག་དང་བཟོད་སྒོམ་བྱེད་པ་ནི་མི་རིགས་བྱ་བའི་རྩ་དོན་གལ་ཆེན་ཡིན།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་དང་མི་རིགས་སོ་སོའི་འདུ་ཤེས་ཀྱི་འབྲེལ་བ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ།མི་རིགས་སོ་སོས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་གོ་གནས་གཙོ་བོར་འཇོག་པ་དང་། མི་རིགས་རང་གི་འདུ་ཤེས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ལ་བསྟུན་ཅི་ཐུབ་བྱེད་པའི་ཞོར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་སྤྱིའི་ཁེ་ཕན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་མི་རིགས་སོ་སོའི་བྱེ་བྲག་གི་ཁེ་ཕན་མངོན་འགྱུར་བྱེད་དགོས། རྒྱ་རིགས་ཆེན་མོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་གང་ཡིན་ཡང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་ཕན་ཐོགས་མེད།ཀྲུང་ཧྭའི་རིག་གནས་དང་མི་རིགས་སོ་སོའི་རིག་གནས་ཀྱི་འབྲེལ་བ་ཡང་དག་པར་ཁོང་དུ་ཆུད་དགོས།མི་རིགས་སོ་སོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གང་ཡིན་ཡང་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་ཁག་ཅིག་ཡིན་ཞིང་།ཀྲུང་ཧྭའི་རིག་གནས་གཞུང་རྟ་ཡིན་པ་དང་མི་རིགས་སོ་སོའི་རིག་གནས་ནི་ཡལ་འདབ་ཡིན།གཞུང་རྟ་རྒྱས་ཤིང་རྩ་བ་ཟབ་ན་ད་གཟོད་ལོ་འདབ་རྒྱས་ཐུབ་པ་ཡིན།དངོས་པོ་དང་བསམ་བློའི་འབྲེལ་བ་ཡང་དག་པར་ཁོང་དུ་ཆུད་དགོས་ལ།བཅོས་བསྒྱུར་འཕེལ་རྒྱས་གང་ཡིན་ལས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་དོན་སྙིང་དང་།གཅིག་གྱུར་ལ་སྲུང་སྐྱོབ་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་འདྲིལ་གྱི་དོན་སྙིང་བཅས་མངོན་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ་བརྟན་ཅིང་བརླིང་པར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་ནི་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་རྩ་འཛིན་ཡིན་ལ། བྱ་བ་ཡོད་ཚད་དེའི་ཕྱོགས་སུ་གཅིག་འདུས་བྱེད་དགོས།ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་བློའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་།ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས།སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་སློབ་སྦྱོང་སློབ་གསོའི་ཁྲོད། ང་ཚོའི་ཏང་གི་ལོ་བརྒྱའི་མི་རིགས་བྱ་བའི་ཉམས་མྱོང་བཟང་བོར་གཏིང་ཟབ་ཏུ་སྤྱི་བསྡོམས་བྱེད་པ་དང་།ང་ཚོའི་ཏང་གི་མི་རིགས་བྱ་བའི་བསམ་བློ་གལ་ཆེན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ཏེ།དེང་རབས་དཔལ་ཡོན་སློབ་གསོར་ཤུགས་སྣོན་པ་དང་དཔལ་ཡོན་གསར་སྐྲུན་དང་སྤྱི་དམངས་ཀུན་སྤྱོད་འཛུགས་སྐྲུན། དུས་རབས་ཀྱི་མི་གསར་གསོ་སྤེལ་སོགས་བཟོ་སྐྲུན་གཏིང་ཟབ་ཏུ་ལག་བསྟར་བྱས་ནས།རིགས་སོ་སོའི་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་དང་བསམ་བློའི་སྤྲོ་བ། འཚོ་བའི་བྱེད་ཐབས་བཅས་ཀྱི་ཐད་ནས་དེང་རབས་ཅན་ལ་ཁ་ཕྱོགས་པར་ཁྲིད་སྟོན་བྱེད་དགོས།རྒྱལ་ཁབ་ཡོངས་ཀྱིས་སྤྱོད་པའི་སྐད་བརྡ་ཁྱབ་གདལ་དུ་གཏོང་བ་དང་། ཚན་རིག་དང་མཐུན་པར་མི་རིགས་སོ་སོའི་སྐད་བརྡར་སྲུང་སྐྱོབ་བྱས་ནས།གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་སློབ་སྦྱོང་དང་བེད་སྤྱོད་ལ་བརྩི་འཇོག་དང་འགན་སྲུང་བྱེད་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། མི་རིགས་སོ་སོ་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བགྲོད་པར་སྐུལ་འདེད་གཏོང་དགོས།ཁྱད་པར་ཅན་གྱི་ས་ཁོངས་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ།མི་རིགས་ས་ཁུལ་གྱིས་ཕྱོགས་ཡོངས་ནས་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ཏེ་རང་སྟེང་གི་འཕེལ་རྒྱས་ནུས་པ་ཇེ་དྲག་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། མི་རིགས་ས་ཁུལ་གྱིས་ཐོན་ཁུངས་ཁྱད་སྟོབས་དང་འཕེལ་རྒྱས་ཆ་རྐྱེན། ཞིབ་བསྡུར་ཁྱད་སྟོབས་སོགས་དོན་དངོས་ལ་རྐང་བཙུགས་ཏེ།འཕེལ་རྒྱས་དུས་རིམ་གསར་བ་དམ་འཛིན་དང་འཕེལ་རྒྱས་འདུ་ཤེས་གསར་བ་ལག་བསྟར།འཕེལ་རྒྱས་རྣམ་པ་གསར་བར་མཉམ་འདྲེས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་གནད་ས་ཡང་དག་པར་འཚོལ་དགོས།མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་གི་ཤུགས་ཚད་རྒྱབ་སྐྱོར་ཇེ་ཆེར་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་ལེགས་བསྒྱུར་བྱས་ཏེ།རྒྱུན་ཆད་མེད་པར་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་།བདེ་ཚོར་བཅས་ཇེ་དྲག་ཏུ་གཏོང་དགོས། མི་རིགས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་མངོན་འགྱུར་བྱེད་པ་དང་གྲོང་གསེབ་དར་རྒྱས་ཕན་ནུས་ལྡན་པར་སྦྲེལ་མཐུད་བྱེད་པར་རྒྱབ་སྐྱོར་བྱས་ནས། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་འགྲོ་བ་དང་གྲོང་གསེབ་བདེ་སྡོད་ལས་སྐྲུན།རོང་འབྲོག་མང་ཚོགས་ཀྱི་འབྱོར་བ་རྒྱས་པ་བཅས་ལ་སྐུལ་འདེད་གཏོང་དགོས་ལ།མཐའ་མཚམས་ས་ཁུལ་གྱི་གསར་སྤེལ་སྒོ་འབྱེད་ཀྱི་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་སྟེ་མཐའ་མཚམས་ས་ཁུལ་བརྟན་སྲུང་བྱེད་པ་དང་།དར་རྒྱས་དང་འབྱོར་ཕྱུག་ཅན་དུ་བསྒྱུར་བའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་དགོས།

       ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་རིགས་སོ་སོའི་འབྲེལ་འདྲིས་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས།མི་རིགས་མི་འདྲ་བ་དང་ས་ཁུལ་མི་འདྲ་བའི་དོན་དངོས་ལ་བསམ་བློ་གང་ལེགས་བཏང་སྟེ། མཁར་གྲོང་འཛུགས་སྐྲུན་གྱི་བཀོད་སྒྲིག་འཆར་འགོད་དང་སྤྱི་བའི་ཞབས་ཞུའི་ཐོན་ཁུངས་ལེགས་སྒྲིགསྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་བ། ཁོར་ཡུག་སྣང་ཚུལ་བཟང་བོ་བསྐྲུན་པ་བཅས་ལ་གཅིག་གྱུར་བཀོད་འདོམ་བྱས་ནས།རིམ་བཞིན་མི་རིགས་སོ་སོའི་བར་སྟོང་དང་རིག་གནས། དཔལ་འབྱོར། སྤྱི་ཚོགས།སེམས་ཁམས་སོགས་ཕྱོགས་ཀུན་ནས་མཉམ་འདྲེས་ཡོང་བ་མངོན་འགྱུར་བྱེད་དགོས། མི་རིགས་མཐུན་སྒྲིལ་གོང་སྤེལ་གསར་འཛུགས་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ། ནང་དོན་ཇེ་ཟབ་ཏུ་གཏོང་བ་དང་རྣམ་པ་སྣ་ཚོགས་པར་བྱེད་པ།བྱེད་ཐབས་གསར་གཏོད་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དྲིལ་སྒྲོག་སློབ་གསོའི་རྒྱུན་རྣམ་ཅན་གྱི་རྐྱེན་སྲོལ་བཙུགས་ནས།ལས་བྱེད་པའི་སློབ་གསོ་དང་ཏང་ཡོན་གྱི་སློབ་གསོ། རྒྱལ་དམངས་སློབ་གསོ་བཅས་ཀྱི་མ་ལག་ཁྲོད་བཞག་ནས་སྤྱི་ཚོགས་ཀྱི་དྲིལ་སྒྲོག་སློབ་གསོ་བཟང་བོར་སྤེལ་དགོས།

       ཞི་ཅིན་ཕིང་གིས་བསྟན་དོན། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས།ས་ཁུལ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་དོན་དངོས་ལ་གཞིགས་ཏེ།འདྲ་མཉམ་དྲང་བདེན་གྱི་རྩ་དོན་ལྟར་ས་ཁོངས་ཅན་དང་གནད་འཁེལ་རང་བཞིན་འབུར་དུ་ཐོན་པར་བྱས་ཏེ།དམིགས་བསལ་ས་ཁུལ་དང་དམིགས་བསལ་གནད་དོན།དམིགས་བསལ་ནང་དོན་བཅས་ལ་དམིགས་པའི་ཁྱད་པར་ཅན་གྱི་ས་ཁོངས་རྒྱབ་སྐྱོར་སྲིད་ཇུས་གཏན་འབེབས་ལག་བསྟར་བྱེད་དགོས།ཁྲིམས་ལྟར་རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ་དང་།ཁྲིམས་ལྟར་མི་རིགས་རྒྱུ་རྐྱེན་ལ་འབྲེལ་བའི་གྱོད་དོན་ཐག་གཅོད་གང་ལེགས་བྱེད་པ།ཁྲིམས་ལྟར་རིགས་སྣ་ཚོགས་ཀྱི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་ཆམ་ཕབ་བཏང་སྟེ། བཅའ་ཁྲིམས་ཀྱི་མདུན་ནས་མི་ཚང་མ་འདྲ་མཉམ་ཡོང་བར་བྱེད་དགོས།

       ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་རིགས་ཁྱབ་ཁོངས་ཀྱི་མི་མངོན་པའི་ཉེན་ཁ་ཚབས་ཆེན་ལ་མཐའ་གཅིག་ཏུ་དོགས་ཟོན་བྱེད་དགོས།འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་བརྟན་སྲུང་བྱས་ཤིང་།མི་རིགས་རྒྱུ་རྐྱེན་དང་འབྲེལ་བའི་འདུ་ཤེས་འཛིན་སྟངས་གནད་དོན་ཐག་གཅོད་གང་ལེགས་བྱེད་དགོས་པ་དང་།བསྟུད་མར་མི་རིགས་ཁ་བྲལ་དང་ཆོས་ལུགས་ཐལ་སྤྱོད་བསམ་བློའི་ནད་རྙིང་གཙང་སེལ་བྱེད་དགོས། རྒྱལ་སྤྱིའི་འཇིགས་སྐུལ་ངོ་རྒོལ་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས།རྒྱལ་ཁབ་དང་ས་ཁུལ་གཙོ་བོ་དང་། རྒྱལ་སྤྱིའི་རྩ་འཛུགས། གྲངས་ཉུང་མི་རིགས་ཀྱི་ཕྱི་སྡོད་རང་མི་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས།

        ལིས་ཁི་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ང་ཚོའི་ཏང་གི་མི་རིགས་བྱ་བའི་ལོ་བརྒྱའི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་དང་ལོ་རྒྱུས་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས་པ་དང་།མིག་སྔའི་ཏང་གི་མི་རིགས་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་གསར་བར་གཏིང་ཟབ་ཏུ་དབྱེ་ཞིབ་བྱས་ཡོད་ལ།མ་ལག་ལྡན་པའི་སྒོ་ནས་ང་ཚོའི་ཏང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་པ་གལ་ཆེན་རྒྱས་འགྲེལ་བྱས་ཡོད་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོར་བཟུང་སྟེ་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་བློ་དང་།འཐབ་ཇུས་དམིགས་འབེན། ལས་འགན་གཙོ་བོ། སྲིད་ཇུས་བྱེད་ཐབས་བཅས་གསལ་བོར་བསྟན་ནས། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་བཟང་བོར་བསྒྲུབས་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན་པ་དང་།གཞི་རྩའི་རྩ་དོན་འདོན་སྤྲོད་བྱས་ཡོད་པས། ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན།གཞུང་ལུགས་རང་བཞིན་བཅས་དྲག་པོ་ལྡན་པར་མ་ཟད།ཏང་གི་རྒྱལ་སྐྱོང་འཐབ་ཇུས་ཀྱི་ཏང་གི་མི་རིགས་བྱ་བའི་ཁྱབ་ཁོངས་ཀྱི་གཅིག་བསྡུས་མཚོན་བྱེད་ཡིན།ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ལེན་པ་དང་།འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ།སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབས་ཏེ།རང་འགུལ་གྱིས་བསམ་བློ་དང་འགུལ་སྐྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་།ས་གནས་རང་དང་སྡེ་ཁག་རང་གི་དོན་དངོས་ལ་ཟུང་འབྲེལ་བྱས་ནས།ལས་འགན་སྣ་ཚོགས་དོན་འཁྱོལ་བྱེད་པར་དམ་འཛིན་བྱེད་དགོས།

        ཝང་དབྱང་གིས་སྤྱི་བསྡོམས་གཏམ་བཤད་སྤེལ་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ནང་དོན་ཟབ་ཅིང་རྒྱ་ཆེ་བ་དང་།ཚན་རིག་དང་མཐུན་པའི་སྒོ་ནས་དུས་རབས་གསར་བའི་མི་རིགས་བྱ་བས་དར་ཆ་ཅི་ཞིག་འཛིན་པ་དང་།ལམ་ག་འདྲར་བསྐྱོད་པ་སོགས་གནད་དོན་གལ་ཆེན་ལ་ལན་བཏབ་ཡོད་ཅིང་།ཏང་གི་མི་རིགས་བྱ་བའི་ལག་ལེན་གྱི་སྤྱི་བསྡོམས་གསར་བ་དང་། མར་ཁི་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་བ་ཡིན་ལ།དུས་རབས་གསར་བའི་མི་རིགས་བྱ་བ་བཟང་བོར་བསྒྲུབས་པའི་གཞི་རྩའི་རྩ་དོན་ཡིན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་དོན་གལ་ཆེན་འཐུས་སྒོ་ཚང་བར་གོ་བ་ཡང་དག་ལེན་པ་དང་།སྲོག་ཤིང་དོན་སྙིང་དང་བསམ་བློའི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན།ལག་ལེན་རེ་བ་བཅས་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས།ཏང་གི་ལོ་བརྒྱའི་འབད་འཐབ་བཞུད་ལམ་ནས་ད་ལྟའི་དུས་རིམ་གྱི་མི་རིགས་བྱ་བའི་ལོ་རྒྱུས་ཁ་ཕྱོགས་དང་འགན་འཁྲི་གལ་ཆེན་དམ་འཛིན་བྱེད་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལོ་རྒྱུས་ཀྱི་དགོས་གལ་རང་བཞིན་དང་ཚད་བརྒལ་གྱི་གལ་ཆེན་རང་བཞིན།དངོས་ཡོད་ཀྱི་དམིགས་སའི་རང་བཞིན་བཅས་ལ་ངོས་འཛིན་ཟབ་མོ་བྱས་ཏེ།མི་རིགས་བྱ་བའི་ཁྱབ་ཁོངས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་བརྒྱུས་དགོས།ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། རྣམ་པ་སྣ་ཚོགས་པའི་སློབ་སྦྱོང་གསོ་སྤེལ་དང་དྲིལ་སྒྲོག་སྒྲོག་འགྲེལ་བྱ་འགུལ་སྤེལ་བར་རྩ་འཛུགས་དང་།དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་བསམ་འཆར་ཞིབ་འཇུག་གཏན་འབེབས་བྱས་ཏེ། མགོ་ཁྲིད་ལ་ཤུགས་སྣོན་པ་དང་འགན་འཁྲི་གཏན་འཁེལ་གསལ་བོ་བྱེད་པ།མཐུན་སྦྱོར་ནན་མོ་བྱེད་པ།ལྟ་རྟོག་ལ་ཤུགས་སྣོན་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས་ཟེར།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན།ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་དང་། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ།རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས།

          ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོ་དང་། ཐད་གཏོགས་གྲོང་ཁྱེར།ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཀྱི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོ་དང་། མི་རིགས་བྱ་བར་འགན་ཁུར་བའི་བློ་མཐུན། འཆར་གཞིའི་མིང་ཐོའི་ནང་བཀོད་པའི་གྲོང་ཁྱེར་དང་རང་སྐྱོང་ཁུལ་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་མི་དམངས་ཚོགས་ཁགཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ།འབྲེལ་ཡོད་དངུལ་ལོར་ལས་ཁུངས་དང་ཁེ་ལས། དམག་དཔུང་གི་འབྲེལ་ཡོད་ལས་ཁུངས།འབྲེལ་ཡོད་ཞིབ་འཇུག་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས།གྲོས་ཚོགས་དེ་བརྙན་འཕྲིན་དང་ཁ་པར་གྲོས་ཚོགས་ཀྱི་རྣམ་པས་སྤེལ་བ་ཡིན་ལ།ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོ་དང་། ཐད་གཏོགས་གྲོང་ཁྱེར།ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་སུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཧོ་པེ་ཞིང་ཆེན་གྱི་སའེ་ཧན་པཱའི་ཅི་ཞེ་ནགས་ར་རུ་རྟོག་ཞིབ་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།