ངལ་བའི་མི་ཚེ།

གངས་ཆུ་ཤེལ།        2021-09-08

བརྩེ་བའི་གཉེན་ལ་དྲིན་ཆེན་ཨ་མ། །

འདི་ལས་ལྷག་ཅིག་སྲིད་ན་མེད་དེ། །

འདི་ལ་འབྲལ་འདོད་ཞེ་རུ་མེད་ཀྱང་། །

ཟློག་མེད་ལས་ཀྱིས་དེད་པ་འདྲའོ། །

ཁ་མིག་ཡིད་ཀྱིས་དུས་ཀུན་འཚོ་བའི། །

འཁོར་བའི་ཕུན་ཚོགས་ཁྱིམ་གཅིག་ནང་མི། །

འདི་ལ་གྱེས་འདོད་སེམས་སུ་མེད་ཀྱང་། །

མ་འོངས་མདུན་མས་མདུན་དུ་ཁྲིད་འགྲོ། །

ཤེས་རབ་སྤྱན་གྱིས་རིས་མེད་གཉོར་བའི། །

འཕྲལ་ཕུགས་ལམ་ཀུན་འོད་དུ་བསྒྱུར་བའི། །

དྲིན་གྱི་མཆོག་ལ་སློབ་དཔོན་རྣམ་པའི། །

བསླུ་མེད་གསུང་ཡང་སེམས་ཀྱིས་མ་ཐེག །

འགྲོགས་པའི་གྲོགས་ལ་འདབ་ལྡན་གཡུ་སྦྲང་། །

མཐུན་པའི་དབྱར་ཟླ་བརྗེད་དུ་མེད་ཀྱང་། །

གནག་པའི་ཁྲོ་གཉེར་བསྡུས་པ་མི་དྲན། །

བརྩེ་བའི་ཐུགས་ཀྱིས་བསྐྱངས་བའི་ངང་བཟང་། །

སྡོད་པའི་གནས་དང་གཏན་བྲལ་བྱས་ཀྱང་། །

ཁྲེལ་མེད་ཕྱི་ཐག་སྟུང་བས་མ་མནར། །

དགའ་སྡུག་སྦྲང་ཆར་བསིལ་མ་བབས་པ། །

ད་ལྟ་དྲན་ན་ངལ་གསོའི་གནས་མལ། །

བདག་ཡིད་འཁྲི་ཤིང་ལྡེམ་པ་མོ་ལ། །

རྟག་བརྟན་ཚིག་གི་ལོ་མ་མི་འཁྲུངས། །

འཁོར་བའི་འཛུམ་ཆུང་རེས་སུ་རྒྱུ་བའི། །

དམ་བཅའི་རི་མོ་ཆར་གྱིས་བརླག་འགྲོ། །

ཕར་ལ་ཚོར་བའི་ཀྱལ་ཀ་རྩེས་པའི། །

ཚུར་ལ་ངག་འཇམ་མཆོད་ཁ་འཐེན་པའི། །

ཨེ་མ་སྲིད་པའི་རི་དྭགས་ཁྱུ་ལ། །

བདེན་དོན་དྲང་མོའི་བློ་དཀར་མི་འདུག །

བརྩེ་དུང་འོ་མའི་ངད་ཁ་འདི་ལ། །

ཞི་བ་བརྩེ་བའི་རྣམ་དཀར་མེད་ཀྱང་། །

བདག་འཛིན་ཆགས་སྡང་མེ་རི་འབར་བའི། །

རིགས་ཀྱི་ངོ་བོ་རྡུལ་ལ་བསྒྱུར་སོང་། །



  • ལེ་ཚན་སྔོན་མ།:སྒྲུང་།
  • ལེ་ཚན་རྗེས་མ།:དངངས་སྐྲག།