སྒྲུང་།

གཟབ་ཉན་པ།        2021-09-07

སེམས་པ་གོས་དཀར་གྱི་རི་མོའི་སྟེང་ལ།།

ཆུང་འདྲིས་ཡང་འདྲིས་ཀྱི་འདངས་ཤིག་ཆགས་ན།།

དྲན་ཤིང་ཞེ་སྡུག་གིས་རླུང་ལ་མ་བསྐུར།།

སེམས་སུ་སྐྱོ་སྡུག་གིས་རི་མོ་དཔར་ཡོང་།།

ཞེ་འདང་བསླས་མ་ཞིག་ཕན་ཚུན་བསྟན་ནས།།

ཕྱི་ཐག་མེད་སོང་ཞེས་ལེ་ལན་མ་བྱེད།།

གཏན་ཚིགས་ལྷོད་པོ་དེའི་རྩེ་རུ་འཕྱངས་ནས།།

ཨ་ཐང་ཆད་སོང་ཞེས་སྐྱོ་སྡུག་མ་ཁུར།།

ཕ་གའི་རི་གྲོང་གི་གཙང་འགྲམ་དེ་ནས། །

ཉ་མོའི་འཁྱུག་རྩལ་ལ་རྒྱང་ལྟ་བྱས་ན།།

གློ་བུར་སྨུག་སྤྲིན་གྱིས་རི་ལུང་བཏུམ་ནས།།

ཆར་ཆུས་གཙང་བོ་དེ་བྲུག་དོན་ཅི་ཡིན།།

འདི་ཕྱིའི་བར་ཐག་སོ་ཆ་མེེད་རྗེས་མེད།།

ལས་ཀྱི་གཙང་བོ་དེར་མཉམ་དུ་བསྐྱལ་ནས།།

ཞེ་ཡི་འདང་བརྩེ་ལ་མཉམ་དུ་འཐིམ་ན།།

འཁོར་བའི་རི་ལུང་ལ་མེ་ཏོག་ལོས་སྐྱེས།།

ཤ་རུས་རུས་གསེང་གི་སྙིང་ཉེ་དམར་དམར།།

སེམས་ལ་ཞེ་འདང་གི་གྲིབ་མ་བཞག་ནས།།

འཚོ་བའི་མདུན་རྒྱབ་ནས་མིག་གིས་འཚོས་ཏེ།།

ཞེ་ལ་འཁྲེང་སེམས་ཀྱི་མེ་ཏོག་བཞག་ཡོད།།

བརྩེ་བ་སྐྱོ་སྡུག་གིས་བསྐྲུན་པའི་སྒྲུང་གཏམ།།

སྒྲུང་འདི་མྱི་སེམས་སུ་གཟན་པའི་སྡོང་ལོ།།

ང་རང་སྡོང་ལོ་ལ་འཁོར་བའི་བྱེའུ།།

དཀའ་སྡུག་རི་མོ་དེར་ཞབས་རྗེས་འཇོག་མཁན།།



  • ལེ་ཚན་སྔོན་མ།:​ཚངས་མགུར་ལྟ་བུའི་དྲན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།