ཕ་ཡུལ་ལགས།

གཟབ་ཉན་པ།        2021-09-08

ཕ་ཡུལ་ལགས།

སྦྲ་རོག་རོག་གི་དར་ཆ་རླུང་གིས་ཁུར་ཏེ།

གནའ་མྱིའི་གོས་ཆེན་ཕྱུ་པའི་སྟེང་གི་

རི་མོ་ཡལ་ཡང་།

ངས་རང་ཉིད་ཀྱི་བླ་སྲོག་གི་མར་མེ་ཁོ་ན།

ཁྱེད་ཀྱི་རྣམ་ཤེས་ཀྱི་གཤིན་སར་བསྒྲོན་ཆོག

ཕ་ཡུལ་ལགས།

སྐད་ཡིག་གི་གདངས་ཆ་ལ་རྨས་སྐྱོན་ཐེབས་ཏེ།

རིགས་རུས་ཀྱི་ཤ་ཁྲག་ལ་ནག་ཐིག་

ཆེ་ཆུང་བབས་ན་ཡང་།

ངས་རང་ཉིད་ཀྱི་རུས་རྐང་གི་དྭངས་མ་ཁོ་ན།

ཁྱེད་ཀྱི་བླ་ཤིང་གི་ནགས་ཚལ་ལ་ཕུལ་ཆོག།

ཕ་ཡུལ་ལགས།

ཉོན་མོངས་ཀྱི་གཤོག་རྩལ་ལ་གཉའ་ཤིང་ཡོད་ཀྱང་།

ཆགས་སྡང་གིས་སྙིང་རྩུད་ལ་རྐྱ་བརྒྱབ་སྟེ།

ངས་རང་ཉིད་ཀྱི་རྣམ་ཤེས་ཚོགས་དྲུག་གི་སྣང་བ་ཁོ་ན།

ཁྱེད་ཀྱི་ཡིག་འབྲུ་ཡི་ཞིང་སར་བརྒྱུས་ཆོག།

ཕ་ཡུལ་ལགས།

གངས་རི་ལས་གོམ་ཁ་ཕྱིར་ལ་བསྒྱུར་ཏེ།

རང་བྱུང་ལྷུན་ཆགས་ཀྱི་རི་ཀློང་གི་

གཏམ་རྒྱུད་བརྗེད་ཀྱང་།

ངས་རང་ཉིད་ཀྱི་བརྩེ་བའི་མིག་ཟུང་ཁོ་ན།

ཁྱེད་ཀྱི་མཛེས་སྡུག་གི་སྣོད་བཅུད་ཀྱི་པདྨོར་འཁྲེང་ཆོག།



  • ལེ་ཚན་སྔོན་མ།:དངངས་སྐྲག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།