སློབ་གསོ་པ་ཞིག་གིས་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས།

ཡེ་མིང་གིས་བསྒྱུར།        2021-09-10

སློབ་གསོ་པ་ཞིག་གིས་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས།

གྲོང་དམངས་ཚོ་དང་ཁ་བརྡ་ལབ་བཞིན་པ།

ཁམ་ཐང་གྲོང་སྡེ་ནི་དཔལ་ཡུལ་རྫོང་གཏེར་ལྷུང་ཡུལ་ཤོག་གི་ཤར་རྒྱུད་དུ་གནས་ཤིང་། གྲོང་སྡེ་ཡོངས་སུ་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས36ཡོད་པར་བརྟེན། གཏེར་ལྷུང་ཡུལ་ཤོག་གི་དུད་ཚང་དབུལ་ཕོངས་ཆེས་མང་བའི་གྲོང་སྡེ་ཞིག་ཡིན་པ་རེད། ད་ལོར་ལོ་ན72ལ་སོན་པའི་སྐལ་བཟང་ནི་རང་ས་རང་ཡུལ་དུ་སྐྱེས་པའི་ཁམ་ཐང་གྲོང་སྡེའི་གྲོང་དམངས་ཡིན་ཞིང་། གྲོང་དམངས་ཚོ་སྣེ་ཁྲིད་ནས་བདེ་བླག་ངང་དབུལ་ཐར་བྱུང་རྗེས། གྲོང་སྡེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་ལས་གནས་ཐོག་ནས་ལས་འཁྱུར་ངལ་གསོ་བྱས་ཡོད། བགྲང་བྱ་སུམ་ཅུའི་རིང་ལ་དཔེ་ཁྲིད་བྱས་ནས་སློབ་མ་གསོ་སྐྱོང་བྱས། བགྲང་བྱ་དགུའི་རིང་ལ་གྲོང་སྡེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་ཏེ་བགྲང་བྱ་སོ་དགུའི་རིང་ལ་དཀའ་སྤྱད་འབད་འཐབ་བྱས་པར་བརྒྱུད། ཁོང་ནི་ཁམ་ཐང་གྲོང་སྡེའི་ཆེས་བརྩི་བཀུར་ཐོབ་པར་ངོ་གནོང་མི་དགོས་པའི་མི་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།

ལོ་བཅུ་ཕྲག་ཁ་ཤས་ལ་བརྒྱུད་མྱོང་བྱས་པའི་ལས་དོན་སྐོར་གླེང་སྐབས།མི་རྒན་གྱིས་འདས་དོན་ཡོད་ཚད་དྲན་གསོའི་མེ་ལོང་དུ་དྲངས།

ལས་ཀར་ཞུགས་པའི་ཆེས་ཐོག་མར་ང་རང་ནི་དཔལ་ཡུལ་རྫོང་རག་ཁྱབ་ཡུལ་ཤོག་ཏུ་དགེ་རྒན་ལ་ལས་བགོས་བྱས། ལོ་ཡུན་རིང་མ་འགོར་བ་ཁམ་ཐང་གྲོང་སྡེའི་སློབ་ཆུང་ནང་ལས་གནས་སྤོས་ཡོད། ཁམ་ཐང་གྲོང་སྡེ་ནི་རྒྱང་རིང་མཐའ་འཁོབ་ཏུ་ཆགས་ཡོད་པར་བརྟེན། དེའི་སྐབས་སུ་གྲོང་དམངས་ཚོས་ཕྲུ་གུ་ཕྱི་ཕྱོགས་སུ་རིག་གནས་སྦྱོང་སར་སྐྱེལ་ཐབས་མེད་ལ། དགེ་རྒན་སུ་ཡིན་ཡང་མཐའ་འཁོབ་དབུལ་ཕོངས་ཀྱི་གྲོང་སྡེའི་ནང་དགེ་རྒན་བྱེད་སར་འོང་འདོད་མཁན་ཡོད་ལེ་མ་རེད། དེར་བརྟེན་གྲོང་སྡེའི་ནང་དམངས་གཉེར་སློབ་ཆུང་ཞིག་ཡོད་པ་དེར་དགེ་རྒན་མ་གཏོགས་མེད་ཅིང་། ངས་སློབ་གྲྭའི་ནང་སྔོན་རྗེས་སུ་བོད་ཡིག་དང་རྒྱ་ཡིག རྩིས་རིགས་ལ་སོགས་པ་སློབ་ཁྲིད་བྱས་མྱོང་། དེའི་སྐབས་སུ་སློབ་གྲྭའི་སློབ་ཁྲིད་ཆ་རྐྱེན་ཡིན་ནའང་འདྲ། འཚོ་བའི་ཆ་རྐྱེན་ཡིན་ནའང་འདྲ། ཚང་མ་ཧ་ཅང་ཞན་པོ་ཡིན་ཞིང་། ད་ལྟའི་་ཡུལ་ཤོག་དང་གྲོང་རྡལ་སློབ་གྲྭའི་ཆ་རྐྱེན་ཡག་པོ་འདི། དེའི་སྐབས་སུ་རྩ་བ་ནས་དྲན་རྒྱུ་ག་ལ་ཡོད་ཅེས་མི་རྒན་སྐལ་བཟང་གིས་མྱོང་ཚོར་ཟབ་མོའི་ཡོད་པའི་འདས་དོན་རྣམས་སྨྱུག་འཛིན་པར་ལྷུག་བརྗོད་བྱས་བྱུང་།

བགྲང་བྱ་སུམ་ཅུའི་རིང་གི་སློབ་ཁྲིད་དོན་གཉེར་ནང་ཁོང་གིས་ཁམ་ཐང་གྲོང་སྡེའི་བྱིས་པ་ཚོ་རེ་རེ་བཞིན་དུ་འཚར་ལོངས་བྱུང་ནས་ཁྱིམ་གཞིས་བཟུང་བའི་རྣམ་པ་རིག་རིག་བཞིན་དུ་རེད། ས་ཁམས་མཐའ་འཁོབ་ཀྱིས་ཚོད་འཛིན་ཐེབས་པའི་གྲོང་སྡེ་འདིར་འགྲིམ་འགྲུལ་སྟབས་མི་བདེ་བས་འཚོ་བའི་དངོས་ཟོག་སྐྱེལ་འདྲེན་བྱས་པར་དཀའ་ངལ་ཆེན་པོ་ཡོད་པས་མ་ཚད། ཐོན་ལས་སྣ་གཅིག་ཡིན་ལ་ཐོན་ལས་ཆགས་མི་ཐུབ་ནས་དབུལ་ཐར་བྱེད་དཀའ་བ་ནི་སྨོས་མེད་རེད། “སྔོན་ཆད་ཁམ་ཐང་གྲོང་སྡེའི་མི་སེར་ཚོའི་འཚོ་བ་ཧ་ཅང་སྡུག་པོ་ཡིན་ལེ་རེད། ཕྱི་ཕྱོགས་སུ་ཕྱིན་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་མེད། དུད་ཚང་སོ་སོས་རང་ཉིད་ཀྱི་ས་ཞིང་ཆུང་ཆུང་གི་ནང་ནས་ཕྲན་བུ་རེ་རྨོས་ནས་འཚོ་ཐབས་བྱེད་དགོས་རེད”ཅེས་མི་རྒན་སྐལ་བཟང་གིས་འདས་དོན་དྲན་ཤེས་ཀྱི་མེ་ལོང་དུ་དྲངས་ནས་སྨྱུག་འཛིན་པ་དེ་ལྟར་བཤད།

སློབ་གསོ་པ་ཞིག་གིས་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས།

སྐལ་བཟང་གིས་གྲོང་སྡེའི་གནས་ཚུལ་ཆ་རྒྱུས་ལོན་བཞིན་པ།

2001ལོར་སྐལ་བཟང་སློབ་ཁྲིད་སྟེགས་བུ་དང་བྲལ་ནས་ལས་མེད་དལ་སྡོད་ཀྱི་ལས་འཁྱུར་ངལ་གསོའི་འཚོ་བ་རོལ་མགོ་བཙུགས། འཚོ་བ་སྔ་བཞིན་ཅུང་དབུལ་པོ་ཡིན་མོད། བཟང་ངན་ཅི་ཡིན་ནའང་རང་ཁ་རང་གསོ་བྱེད་ཐུབ་ལེ་རེད།

2012ལོར་རང་ཁུལ་གྱིས“ཁུལ་ཡོངས་ཀྱི་ཤུགས་བཏོན་ནས་མང་ཚོགས་ལས་དོན་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏང་རྒྱུའི”ཐབས་ཇུས་བཀོད་སྒྲིག་བྱས་ཡོད། སྐལ་བཟང་གིས་བསམ་ན་འདི་ནི་རང་ཉིད་ཀྱི་ནུས་པ་ལྷག་མ་འདོན་སྤེལ་བྱས་ནས་གྲོང་དམངས་ཚོར་དོན་དངོས་བསྒྲུབ་རྒྱུའི་གོ་སྐབས་ཡག་པོ་ཞིག་རེད།རང་ས་རང་ཡུལ་དུ་སྐྱེས་པའི་ཁམ་ཐང་གྲོང་སྡེའི་མི་ཞིག་ཡིན་པར་བརྟེན། ཁོང་གིས་མི་གཞན་སུ་དང་བསྡུར་ན་ཁམ་ཐང་གྲོང་སྡེའི་གནས་ཚུལ་དང་ཁྱིམ་ཚང་རེ་རེའི་གནས་ཚུལ་ཆ་རྒྱུས་དེ་བས་ཡོད་པས་མ་ཚད། མང་ཚོགས་དབུལ་ཕོངས་གྱུར་རྐྱེན་ཅི་ཡིན་པ་ནི་དེ་བས་ཀྱང་ཤེས་གསལ་ལྟར་རེད། གཏེར་ལྷུང་ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་ལ་ཁོང་གིས་གྲོང་སྡེ་ཨུ་ལྷན་གྱི་ཀྲུའུ་རེན་རང་མོས་འགན་ལེན་བྱ་རྒྱུའི་བསམ་ཚུལ་བཏོན་ཡོད། དྲན་རྒྱུ་མེད་པ་ཞིག་ལ་རང་ཉིད་ནི་གྲོང་དམངས་ཚོས་གྲོང་སྡེ་ཨུ་ཡོན་ལྷན་གྱི་ཀྲུའུ་རེན་འོས་སྦྱོར་བྱ་ཡུལ་ཡིན་པ་རེད། འདི་འདྲ་ཡིན་ཕྱིར། ཁོང་ཉིད་ཁམ་ཐང་གྲོང་སྡེའི་ཀྲུའུ་རེན་ལ་གྱུར་ནས་ལོ་དགུའི་རིང་ལ་ལས་འགན་དོན་གཉེར་བྱས་པ་རེད།

“ལས་དོན་ཐོག་མ་བསྒྲུབས་སྐབས། ཆེས་སྤེལ་དཀའ་བའི་ལས་དོན་ནི་མི་སེར་ཚོའི་བསམ་བློ་ལེགས་སྒྱུར་བྱ་རྒྱུ་དེ་རེད། ཏང་དང་རྒྱལ་ཁབ་ཀྱིས་དམངས་ཕན་སྲིད་ཇུས་སོ་སོ་དོན་འཁྱོལ་བྱས་པའི་རྣམ་པ་མཐོང་དུས། གྲོང་དམངས་ལ་ལའི་སེམས་ནང“སྒུག་རྟེན་སློང”གསུམ་གྱི་བསམ་བློ་བཅངས། གནས་ཚུལ་དེ་རིགས་སྐོར། ངས་ཐེངས་མ་མང་པོར་ཁོ་ཚོ་བཙལ་ནས་ཁ་བརྡ་ལབ་ཞོར། ཁོ་ཚོར་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས། མི་རིགས་སྲིད་ཇུས་སོ་སོ་གསེད་འགྲེལ་བྱས་པ་ཡིན”ཞེས་སྐལ་བཟང་གིས་དང་ཐོག་གྲོང་སྡེ་ཨུ་ལྷན་གྱི་ལས་དོན་བསྒྲུབས་སྐབས་ཀྱི་བརྒྱུད་རིམ་སྨྱུག་འཛིན་པར་བཤད་བྱུང་།

སྐལ་བཟང་གིས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབད་བརྩོན་བྱས་འོག གྲོང་དམངས་ཚོའི་བསམ་བློའི་ལྟ་ཚུལ་ལ་འགྱུར་ལྡོག་མངོན་གསལ་བྱུང་ནས་སྐལ་བཟང་གི་ལས་དོན་ཡང་རིམ་བཞིན་རྒྱུན་ལྡན་གྱི་སྲོལ་ལམ་ཐོག་བསྐྱོད། དེའི་སྐབས་སུ། དཔལ་ཡུལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཁམ་ཐང་གྲོང་སྡེའི་ནང་ར་ནག་གསོ་སྤེལ་འཕེལ་རྒྱས་གཏང་རྒྱུའི་གཏན་འཁེལ་བྱས། དེ་ནི་སྐལ་བཟང་ལ་ཆ་བཞག་ནས་བཤད་ན་ཁོའི་མདུན་དུ་གནས་པའི་དཀའ་གནད་ཅིག་རེད།

འདི་ནི་ཐོན་ལས་འཕེལ་རྒྱས་གཏོང་བའི་གོ་སྐབས་ཡག་པོ་ཞིག་ཡིན་པ་ལས། དཀའ་གནད་ཅི་ལ་ཡིན་རེད་ཅེ་ན།

ཁམ་ཐང་གྲོང་སྡེ་ནི་ས་རྒྱུ་ཞན་པ། དབྱར་རྩྭ་དགུན་འབུ་དང་ནགས་ཁྲོད་ཀྱི་ཐོན་ཁུངས་མེད་པར་བརྟེན། གྲོང་དམངས་ཚོས་མི་ཚེ་མི་རབས་ལ་ནས་རྨོས་འདེབས་བྱས་ནས་འཚོ་བ་སྲུང་འཛིན་བྱས་པའི་གོམས་གཤིས་ཆགས་ཏེ་ས་ཞིང་ནི་ཚེ་སྲོག་ལས་ཀྱང་གལ་ཆེན་ལ་བརྩིས་པས་རེད། འོན་ཀྱང་གཞི་ཁྱོན་ཅན་གྱི་ར་ནག་གསོ་ཚགས་བྱས་ཏེ་ས་ཞིང་བཤུག་གླ་བྱེད་དགོས་ན། གྲོང་དམངས་ཚོར་བློ་མོས་ཡིད་མཐུན་བྱས་ནས་ས་ཞིང་བཤུག་གླ་བཏང་སྟེ་ར་ནག་གསོ་ཚགས་བྱེད་བཅུག་རྒྱུའི་དཀའ་ཚེགས་བསམ་བློ་གཏོང་བ་ཙམ་གྱིས་ཡིན་པ་ནི་ཤེས་བཞིན་དུ་རེད། སྐལ་བཟང་གིས་འབྲེལ་ཡོད་སྡེ་ཁག་བཙལ་ནས་ར་ནག་གསོ་སྤེལ་ལས་གཞིའི་གནས་ཚུལ་ཞིབ་ཕྲ་རྒྱུས་ལོན་བྱས་ཏེ་ལས་གཞི་འདིས་གྲོང་དམངས་ཚོར་ཡོང་འབབ་འཕར་ཞིང་ཕྱུག་པོར་ཆགས་ཐུབ་པའི་ངོས་འཛིན་མཐའ་གཅིག་ཏུ་བྱུང་རྗེས། སྐལ་བཟང་གིས་ཡང་བསྐྱར་གྲོང་དམངས་ཚོགས་ཆེན་འཚོགས་ནས་གྲོང་དམངས་ཚོར་ར་ནག་གསོ་སྤེལ་ལས་གཞིའི་གནས་ཚུལ་ཞིབ་ཕྲ་འགྲེལ་བཤད་བརྒྱབ།

བརྩོན་འགྲུས་ཅན་ལ་ནོར་བུ་ལོན་ཞེས་པའི་དཔེ་ལྟར། 2017ལོར་ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོའུ་ཆུས་ཀྱིས་རོགས་སྐྱོར་ཤུགས་ཆེན་བྱས་འོག དཔལ་ཡུལ་རྫོང་གི་གཏེར་ལྷུང་ཡུལ་ཤོག་ར་ནག་གསོ་སྤེལ་རྟེན་གཞི་ཁམ་ཐང་གྲོང་སྡེའི་ནང་བདེ་བླག་ངང་བསྐྲུན་པ་རེད། གྲོང་དམངས་ཚོས་ལོ་གཅིག་ལ་བཤུག་གླ་གཏོང་བའི་ས་ཞིང་མུའུ་རེའི་གླ་ཆ་སྒོར500རེ་རག་པས་མ་ཚད། རང་ཉིད་ད་དུང་རྟེན་གཞིའི་ནང་གླ་བརྒྱུག་ནས་ལོ་རེའི་ཡོང་འབབ་སྔོན་ཆད་ནས་རྨོས་འདེབས་བྱས་པ་དང་བསྡུར་ན་ཁེ་ཕན་ཆེན་པོ་ཐོབ།

བཅའ་འདྲི་བྱས་པའི་གོ་རིམ་ཁྲོད་དུ“ཆུང་དུས་སུ་དགེན་སྐལ་བཟང་གིས་ང་ཚོར་རིག་གནས་བསླབས་མྱོང་། རྗེས་སུ། ང་ཚོ་ཁོང་གིས་སྣེ་ཁྲིད་འོག། ཏང་དང་རྒྱལ་ཁབ་ཀྱིས་རོགས་སྐྱོར་འོག། འཚོ་བར་ཉིན་རེ་ལས་ཉིན་རེར་ཇེ་ཡག་རེད། ད་ལྟ། ང་ཚོས་ཟ་རྒྱུ་དང་གྱོན་རྒྱུ་ལ་སེམས་ཁྲལ་བྱེད་མི་དགོས་པར་མ་ཟད། ལོ་མཇུག་ལ་ད་རུང་ལག་དངུལ་ལྷག་རྒྱུ་འདུག དུད་ཚང་ཐམས་ཅད་ལ་ཉེན་མེད་ཀྱི་རང་འབབ་འཐུང་ཆུ་ཁྲིད་ཡོད་པ་དང་། གློག་དང་དྲ་བ་ཁྲིད་ཡོད་པས་འཚོ་བ་གནམ་ས་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད”གྲོང་དམངས་སྨན་མོས་སྨྱུག་འཛིན་པར་དེ་ལྟར་བཤད་པ་རེད།

རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འགྱུར་མེད་སྟོབས་ལྡན་གྱིས་མགོ་ཁྲིད་གནང་འོག སྤྱི་ཚོགས་ཀྱི་རིམ་པ་སོ་སོས་ཐུགས་ཁུར་དང་རྒྱབ་སྐྱོར་འོག ཁམ་ཐང་གྲོང་སྡེ2019ལོར་བདེ་བླག་ངང་དབུལ་ཐར་བྱུང་ཡོད། 2021ལོར་སྐལ་བཟང་གྲོང་སྡེ་ཨུ་ལྷན་གྱི་ལས་གནས་ཐོག་ལས་ནས་འཁྱུར་ངལ་གསོ་བྱས་ཡོད། ཕྲག་ཐོག་ལ་ལས་འགན་ལྗིད་མོ་ཅི་ཡོད་ལེ་མ་རེད་མོད། འོན་ཀྱང་དུས་རྒྱུན་ཁོང་ར་ནག་གསོ་སྤེལ་རྟེན་གཞི་རུ་གྲོགས་པོ་རྒན་པ་ཚོར་ལྟ་ས་ཕྱིན་ནས་ཁོ་ཚོ་དང་རྟེན་གཞི་འཁོར་སྐྱོད་བྱས་ཚུལ་གླེང་མོལ་བྱས་ནས་གྲོང་སྡེའི་འཕེལ་རྒྱས་ལ་སེམས་ཁུར་བྱས་དང་བྱེད་བཞིན་ཡོད་པ་རེད།

“ད་ལྟ་ང་ཚོའི་ལས་དོན་གྱི་གཙོ་གནད་དབུལ་ཐར་འགག་སྒྲོལ་དང་ཡུལ་སྡེ་དར་སྤེལ་སྦྲེལ་མཐུད་བྱ་རྒྱུའི་ཐོག་བསྒྱུར་ཚར། ངས་སེམས་ཤུགས་ངལ་རྩོལ་དང་ལུས་ཤུགས་ངལ་རྩོལ་མང་པོ་སྤེལ་མ་ཐུབ་ནའང་གལ་སྲིད་ཏང་དང་རྒྱལ་ཁབ་ཀྱིས་ང་མཁོ་ས་ཡོད་ན། ངས་ཡུལ་སྡེ་དར་སྤེལ་གཏོང་བར་སྔ་བཞིན་རང་ཉིད་ཀྱི་འཇོན་ནུས་འབུལ་འདོད་ཡོད”ཅེས་ཁམ་ཐང་གྲོང་སྡེའི་ནང་བགྲང་བྱ་སོ་དགུར་བརྟན་སྲུང་བྱས་པའི་མི་རྒན་གྱིས་དེ་ལྟར་གསུངས་པ་རེད།

བགྲང་བྱ་སོ་དགུའི་རིང་ལ་བསླབ་བྱ་ཡང་ཡང་གནང་ནས་བྱིས་པ་ཚན་པ་རེ་རེ་བཞིན་སྐྱོན་བྲལ་ངང་འཚར་ལོངས་བྱུང་བཅུག་ཡོད་ལ། དཀའ་བ་དང་དུ་བླངས་ནས་དུད་ཚང་རེ་རེའི་གྲོང་དམངས་ཚོར་ཞབས་ཕྱི་བསྒྲུབས། འདི་ནི་ཁམ་ཐང་གྲོང་སྡེའི་དབུལ་ཐར་འགག་སྒྲོལ་བྱེད་མཁན་གྱི་སྣེ་ཁྲིད་པ་སྐལ་བཟང་རེད། དབུལ་ཐར་གྱི་ལས་འགན་ལྗིད་པོ་འདི་མ་སྐུལ་དང་བླངས་ཀྱིས་འཁུར་ནས་མི་དམངས་ལ་ཞབས་ཕྱི་བསྒྲུབ་རྒྱུའི་ཏང་མིའི་ལས་འགན་སེམས་སུ་བརྟན་པོ་བཅངས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་གྲོང་སྡེ་ཡོངས་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང36སྣེ་ཁྲིད་བྱས་ཏེ་བསམ་བློ་གསར་པ་འཛུགས་སྐྱོང་དང་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་བཏང་ནས་ཚང་མ་འབྱོར་འབྲིང་ལམ་བུའི་ཐོག་སྐྱོད་རོགས་བྱས་དང་བྱེད་བཞིན་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་གིས་གཞི་རིམ་དགེ་རྒན་ལ་འཚམས་འདྲི་གནང་།
  • དོ་སྣང་ཆེ་བའི་རྩོམ།