མཚོ་སྔོན་བོད་སྐད་རླུང་འཕྲིན། 2023-03-14
ཟླ3པའི་ཚེས13ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་ཚང་མ་ཕུན་སུམ་ཚོགས་པོའི་ངང་ཡོངས་འགྲུབ་བྱས་ཏེ། སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ཁོངས་མི་བདམས་ཐོན་བྱུང་རྗེས། ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ།
ཚོགས་ཆེན་གྱིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། རང་རྟོན་རང་བརྩོན་དང་དག་སྲུང་གསར་གཏོད། སེམས་སྒྲིལ་ཤུགས་སྡུད། དཀའ་སྤྱད་འབད་བརྩོན་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བཏང་།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཐོག་ནས་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་ཚོགས་ཆེན་སྟེང་དུ་ང་མུ་མཐུད་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པས། ངས་འཐུས་མི་རྣམ་པ་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ང་ལ་ཡིད་ཆེས་བྱས་པར་སྙིང་ཁོང་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། མི་དམངས་ཀྱི་ཡིད་ཆེས་ནི་མདུན་སྐྱོད་ཀྱི་སྒུལ་ཤུགས་ཆེས་ཆེན་པོ་ཡིན་ཞིང་། ངའི་ཕྲག་སྟེང་དུ་བབས་པའི་ལྗིད་ཏིག་ཏིག་གི་འགན་འཁྲི་ཡང་ཡིན། ངས་རྩ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་བསྒྲུབ་རྒྱུ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་རང་གི་ལས་འགན་དུ་བརྩི་བ། མི་དམངས་ཀྱི་ཁེ་ཕན་ཚད་གཞིར་འཛིན་པ། རང་འགན་ནན་སྒྲུབ་དང་བསམ་པ་རྣམ་དག་གིས་བྱས་རྗེས་འཇོག་པ་བཅས་བྱས་ཏེ། འཐུས་མི་རྣམ་པ་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མངགས་བཅོལ་གལ་ཆེན་སྟོང་ཟད་དུ་གཏན་ནས་མི་གཏོང་ཞེས་གསུངས།
ཟླ3པའི་ཚེས13ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ་བཅས་ཀྱིས་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་འགན་འཁུར་ཡོད་པར་མ་ཟད། ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད། ཁོ་ཚོ་ནི་ཀྲའོ་ལི་ཅི་དང་ལིས་ཧུང་ཀྲུང་། ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚའེ་ཏ་ཧྥུན། ཧི་ཝེ། ཝུའུ་ཝེ་ཧྭ། ཐེ་ཉིང་། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁི་ལའེ་ཐིས·ཀྲ་ཁི་ཨར། ལིའུ་ཆི་བཅས་རེད།
ལིས་ཆང་དང་ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲིན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཚོགས་འདུར་ཞུགས།
ལི་ཁི་ཆང་དང་ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།
ཚོགས་འདུར་ཞུགས་དགོས་པའི་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་དོན་བདུན་ཡོད་པ་དང་། ཚོགས་འདུར་དངོས་སུ་ཞུགས་པའི་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་ཞེ་བདུན་ཡོད་ལ། འཐུས་མི་སུམ་ཅུ་ཚོགས་འདུར་ཞུགས་ཐུབ་མེད་ཅིང་། ཚོགས་ཞུགས་མི་གྲངས་ཁྲིམས་བཅད་མི་གྲངས་དང་མཐུན།
ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་དང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚོགས་ཆེན་གྲོལ་བའི་མཛད་སྒོར་མགོ་འཛིན་མཛད།
ཀྲའོ་ལི་ཅི་ཡིས་སྔ་དྲོའི་དུས་ཚོད་དགུའི་སྟེང་དུ་ཚོགས་ཆེན་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་མཛད།
ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་སྲིད་གཞུང་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། གྲོས་ཆོད་ལས་བསྟན་དོན། ཚོགས་འདུས་དུས་རབས་གསར་པའི་ལོ་བཅུའི་རིང་ལ། རང་རྒྱལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་པའི་ལོ་གཅིག་དང་ལོ་ལྔའི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ལ། སྙན་ཞུ་ལས་བཏོན་པའི་ཉིས་སྟོང་ཉེར་གསུམ་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་དམིགས་འབེན་གཙོ་བོ། སྲིད་ཇུས་ཀྱི་ཁ་ཕྱོགས། གཙོ་གནད་ལས་དོན་བཅས་ལ་མོས་མཐུན་བྱུང་ཡོད་ལ། སྙན་ཞུ་དེར་ཆོག་མཆན་འགོད་རྒྱུའི་ཐག་བཅད་ཡོད།
ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ་ཁྲིམས་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་དང་། ཉིས་སྟོང་ཉེར་གསུམ་ལོའི་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུའི་གྲོས་ཐག་བཅད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་བཀའ་ཁྱབ་ཨང་གསུམ་པར་མཚན་རྟགས་བཀོད་ནས་ཁྱབ་བསྒྲགས་མཛད།
ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་། ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་། ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུར་ཆོག་མཆན་འགོད་རྒྱུའི་ཐག་བཅད། ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལ་ཆོག་མཆན་བཀོད། བརྡས་ཐག་བཅད་པ་བརྒྱུད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་། ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་། ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུར་ཆོག་མཆན་འགོད་རྒྱུའི་ཐག་བཅད་པར་མ་ཟད། ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་དབྱང་གི་སྔོན་རྩིས་ལ་ཆོག་མཆན་བཀོད།
ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་བར་མ་ཟད། སྙན་ཞུ་དེ་གསུམ་ལ་ཆོག་མཆན་འགོད་རྒྱུའི་ཐག་བཅད།
གོང་གསལ་གྱི་གྲོས་རིམ་ཡོངས་འགྲུབ་བྱས་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ་སྟོང་ལྔ་ལྷག་གི་ཤེས་རིག་ལོ་རྒྱུས་ཡོད་པའི་ཀྲུང་ཧྭ་མི་རིགས་ཀྱིས། ལོ་རྒྱུས་སྟེང་འོད་སྟོང་འབར་བའི་གྲུབ་འབྲས་བགྲང་ལས་འདས་པ་བསྐྲུན་པ་དང་། དཀའ་སྡུག་ཀྱང་མང་པོ་མྱངས་ཡོད། ཉེ་རབས་ཀྱི་ཚུན་དུ། ཀྲུང་གོ་རིམ་པ་བཞིན་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཀའི་སྤྱི་ཚོགས་སུ་གྱུར་པ་དང་། སྟོབས་ལྡན་རྒྱལ་ཁབ་ཀྱིས་བརྙས་བཅོས་བྱས་པ་དང་སིལ་བུར་འཐོར་ལ། ཟིང་འཁྲུག་མང་བ་དང་། མི་སེར་གྱིས་དཀའ་སྡུག་ཆེན་པོ་མྱངས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་རྗེས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། ལོ་བརྒྱའི་འབད་འཐབ་བརྒྱུད་དེ། མི་རིགས་ཀྱི་ངོ་ཚ་གཙང་བཀྲུས་བྱས་པ་དང་། ཀྲུང་གོ་མི་དམངས་རང་ཉིད་ཀྱི་ལས་དབང་གི་བདག་པོ་རུ་གྱུར་ལ། ཀྲུང་ཧྭ་མི་རིགས་ཀྱིས་ཡང་ལངས་པ་ནས་ཕྱུག་པོར་གྱུར་པ་དང་དེ་ནས་སྟོབས་ལྡན་དུ་གྱུར་པའི་རླབས་ཆེན་གྱི་མཆོང་བརྒལ་མངོན་འགྱུར་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དེ་བཟློག་ཐབས་མེད་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དུ་ཞུགས་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལྟ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ལས་འགན་གཙོ་བོ་ཡིན། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་འབྱུང་བར་བྱེད་པའི་བྱ་གཞག་དེ་ལོ་རྒྱུས་ལྟར་ང་ཚོའི་མི་རབས་འདིའི་ཕྲག་ཏུ་བབས་པས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལྟར། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་དང་ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མྱུར་དུ་འཛུགས་སྐྲུན་བྱེད་པ། མཐུན་སྒྲིལ་འབད་བརྩོན་དང་གསར་སྤེལ་གསར་གཏོད་བྱསགཏེ། སྐྱོད་ལམ་གསར་བའི་སྟེང་དུས་རབས་དང་ལོ་རྒྱུས། མི་དམངས་བཅའ་ལ་ངོ་གནོངས་མི་དགོས་པའི་གྲུབ་འབྲས་བླངས་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་ཆེད་ང་ཚོའི་མི་རབས་འདིའི་བྱས་རྗེས་འཇོག་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་འབྱུང་བར་བྱེད་པའི་སྐྱོད་ལམ་གསར་བའི་སྟེང་། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ། ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ། ཚན་རིག་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་བཅས་ལག་བསྟར་ནན་མོ་བྱེད་པ། ཚན་རྩལ་གྱི་རང་ཚུགས་རང་སྤེལ་ནུས་པ་མཐོར་འདེགས་སུ་གཏོང་བ། ཐོན་ལས་ཀྱི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། མཁར་གྲོང་མཐུན་སྦྱོར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། དཔལ་འབྱོར་ཐད་ནས་སྤུས་ཚད་ཀྱི་མཐོར་འདེགས་དང་གྲངས་ཚད་ཀྱི་ལུགས་མཐུན་འཕར་སྣོན་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་སྟེ། རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་དངོས་ཤུགས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་རྒྱུན་མ་ཆད་པར་ཆེ་རུ་བསྐྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོས་ནམ་ཡང་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ན། མི་དམངས་ནི་ཐག་གཅོད་རང་བཞིན་གྱི་སྟོབས་ཤུགས་ཡིན་པས། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་དང་། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ། མི་དམངས་ཀྱི་རེ་འདུན་མངོན་འགྱུར་བྱེད་པ། མི་དམངས་ཀྱི་ཁེ་དབང་ལ་འགན་སྲུང་བྱས་ཏེ། མི་དམངས་ཡོངས་ཀྱི་བརྩོན་སེམས་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་ཆེ་རུ་བསྐྱེད་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་དགོངས་པ་ལག་བསྟར་བྱེད་པ་དང་། བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། གཞི་རྩའི་སྤྱི་ཐུན་ཞབས་ཞུ་ལ་ཤུགས་སྣོན་པ། དམངས་ཚིས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་པ། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་འདྲ་མཉམ་སྒོས་མི་དམངས་ཡོངས་ལ་ཕན་མང་པོ་འདོགས་ཐུབ་པར་བྱས་ནས། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་བསྒྱུར་བའི་ཐད་ནས་གྲུབ་འབྲས་སྔར་ལས་མངོན་གསལ་ལེན་པར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོའི་མཐུན་སྒྲིལ་ཆེན་པོ་དམ་ཟབ་ཏུ་གཏོང་བ་དང་། ཕན་ཡོད་རྒྱུ་རྐྱེན་ཐམས་ཅད་ལེགས་པར་སྤྱད་དེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་འབྱུང་བར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས།
ཞི་ཅིན་ཕིང་གིས་བསྟན་དོན་བདེ་འཇགས་ནི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་་པ་དང་། བརྟན་འཇགས་ནི་སྟོབས་ལྡན་གྱི་སྔོན་འགྲོ་ཡིན་པས། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ། སྤྱི་ཐུན་བདེ་འཇགས་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་སུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་ཇེ་ལེགས་སུ་བཏང་ནས། བདེ་འཇགས་ཀྱི་རྣམ་པ་གསར་པས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་འགན་སྲུང་བྱེད་དགོས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། མི་དམངས་དམག་དཔུང་འཛུགས་སྐྲུན་བྱེད་རྒྱུ་དེ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པའི་སྲ་མཁྲེགས་ཀྱི་ལྕགས་རིར་འགྱུར་བར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ན། ཞང་ཀང་དང་ཨོ་མིན་གྱི་དུས་ཡུན་རིང་བོའི་དར་རྒྱས་དང་བརྟན་འཇགས་ལ་ཁ་འབྲལ་ཐབས་མེད། ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཞང་ཀང་བས་ཞང་ཀང་སྐྱོང་བ། ཨོ་མིན་པས་ཨོ་མིན་སྐྱོང་བ། ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ཏེ། ཁྲིམས་ལྟར་ཞང་ཀང་དང་ཨོ་མིན་བཅོས་སྐྱོང་བྱེད་པ་དང་། ཞང་ཀང་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཇུས་གཞིའི་ནང་ཞུགས་སུ་འཇུག་དགོས། མེས་རྒྱལ་ཕྱོགས་ཡོངས་ནས་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་པ་ནི་ཀྲུང་ཧྭའི་བུ་དང་བུ་མོའི་ཐུན་མོང་གི་རེ་འདུན་ཡིན་པ་དང་། མི་རིགས་བསྐྱར་དར་གྱི་སྙིང་བོའང་དེ་ཡིན། དུས་རབས་གསར་པའི་ཏང་གིས་ཐེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང་གོ་གཉིས་ལོའི་ཐུན་མོང་ལྟ་ཚུལ་རྒྱུན་འཁྱོངས་སྒོས་མཚོ་འགག་འགྲམ་གཉིས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གང་ལེགས་བྱེད་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་དང་ཐེ་ཝན་རང་བཙན་གྱི་ཁ་བྲལ་བྱ་འགུལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་དེ་འཛམ་གླིང་ཡོངས་ལ་ཕན་ཐོགས་ཡོད་ཅིང་། ཀྲུང་གོའི་འཕེལ་རྒྱས་དེ་འཛམ་གླིང་ཡོངས་དང་འབྲལ་ཐབས་མེད། ང་ཚོས་བརྟན་འཇགས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་ཡོངས་ཀྱི་ཚོང་ར་དང་ཐོན་ཁུངས་བེད་སྤྱད་ནས་རང་ཉིད་འཕེལ་རྒྱས་སུ་གཏོང་བ་དང་། ཞོར་དུ་འཛམ་གླིང་གི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ང་ཚོས་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མགྲོན་པོར་བསྒྲེངས་ཤིང་། ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་ནས་ལངས་པ་དང་། ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་ལེན་བྱེད་པ། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་ལག་ལེན་བྱས་ཏེ། ཧུར་ཐག་སྒོས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་གི་བཅོས་སྒྱུར་དང་འཛུགས་སྐྲུན་ནང་ཞུགས་ནས་སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་གཞི་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་དུ་བརྟན་འཇགས་རང་བཞིན་དང་དྲང་ཕྱོགས་ནུས་ཚད་མང་བོ་ཁ་སྣོན་བྱས་ནས། རང་རྒྱལ་གྱི་འཕེལ་རྒྱས་ཐད་རྒྱལ་སྤྱིའི་ཁོར་ཡུག་བཟང་བོ་བསྐྲུན་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་སྐྱོང་ན་ཐོག་མར་ཏང་སྐྱོང་དགོས་པ་དང་ཏང་དར་ན་ད་གཟོད་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར། སྟོབས་ལྡན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ན། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་གི་འཛུགས་སྐྲུན་ལ་ཟོལ་མེད་ཀྱིས་ཤུགས་སྣོན་བྱེད་དགོས། དུས་ངེས་མེད་དུ་ཏང་ཁག་ཆེན་མོར་དམིགས་སུ་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རྣམ་རིག་གསལ་བོ་དང་ཡིད་ཆེས་བརྟན་པོ་སྲུང་འཛིན་བྱས་ཏེ། རང་སྟེང་ནས་གསར་བརྗེ་བྱེད་ཕོད་པ་དང་། སྐད་ཅིག་ཙམ་ཡང་སྡོད་པ་མེད་པར་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་འཛིན་བྱས་ནས། ཏང་གི་ངོ་བོ་དུས་གཏན་དུ་མི་འགྱུར་བ་དང་མདངས་མི་ཉམས་པ། གཤིས་མི་འགྱུར་བ་བཅས་སྲུང་འཛིན་བྱས་ཏེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་འབྱུང་བར་བྱེད་པའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་འབྱུང་བར་བྱེད་པའི་རླབས་ཆེན་དམིགས་འབེན་གྱིས་མི་སེམས་སྒུལ་ནས་འབད་འཐབ་བྱེད་པར་སྐུལ་བཞིན་ཡོད། ང་ཚོས་དུས་ཚོད་དམ་འཛིན་བྱེད་པ་དང་། ལོ་རྒྱུས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་ཇེ་དྲག་ཏུ་གཏོང་བ། དག་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། འཐབ་ཇུས་ངེས་ཤུགས་སྲུང་འཛིན་བྱེད་པ། འཐབ་རྩོད་སྙིང་སྟོབས་དར་སྤེལ་བྱེད་པ། དཀའ་ངལ་ཁྱད་དུ་སེལ་ཕོད་པ་བྱས་ཏེ། རྒྱུན་ཆད་མེད་པར་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་འབྱུང་བར་བྱེད་པའི་རླབས་ཆེན་ལས་དོན་ཆེད་དུ་རང་ནུས་གང་ཡོད་འབུལ་དགོས།
ཞི་ཅིན་ཕིང་གི་གསུང་བཤད་ལ་ཐེངས་མང་བོར་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ།
ཀྲའོ་ལི་ཅི་ཡིས་ཀྱང་དེའི་རྗེས་སུ་གསུང་བཤད་གནང་། ཁོང་གིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཡོངས་སུ་འཐད་པ་དང་གོང་བཀུར་ཞུ། གསུང་བཤད་དེས་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་ལོ་རྒྱུས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་ཡོད་ལ། འགན་འཁྲིའི་ཁག་ཁུར་མངོན་པ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་ཡོད་ལ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་འབྱུང་བར་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་འབད་འབུངས་ཡར་བརྩོན་དང་དཔའ་སྐྱེད་མདུན་སྐྱོད་བྱེད་པར་སྐུལ་མ་ཐེབས་སྲིད་པས། ནན་ཏན་གྱིས་སློབ་སྦྱོང་བྱས་ནས་གོ་བ་ལེན་པ་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། ཁོང་གིས་གསུངས་དོན། བློ་མཐུན་ཞི་ཅིན་ཕིང་ལ་ཡང་བསྐྱར་འདེམ་ཤོག་ཡོངས་རྫོགས་ཐོབ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་ལས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཚང་མའི་ཐུན་མོང་གི་རེ་འདུན་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་མངོན་པར་མཚོན་ཡོད། ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་སུ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་གོ་གནས་གཏན་འཁེལ་བྱས་པ་དེ། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ལས་དོན་གྱི་འཕེལ་རྒྱས་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པས། བློ་ཐག་རྦད་ཆོད་ཀྱིས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་། རང་རྟོགས་ཀྱིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་ཇེ་བརྟན་དུ་བཏང་ནས། སྲུང་སྐྱོང་གཉིས་ལེགས་པར་བསྒྲུབ་དགོས།
ཟླ3པའི་ཚེས13ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚོགས་འདུ་གྲོལ་བའི་མཛད་སྒོར་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།
ཀྲའོ་ལི་ཅི་ཡིས་གསུངས་རྒྱུར། ཚོགས་ཆེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། གྲོས་རིམ་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས། དེ་ནི་དམངས་གཙོ་དང་མཐུན་སྒྲིལ། བདེན་འཚོལ། འབད་འཐབ་བཅས་ཀྱི་ཚོགས་ཆེན་ཞིག་རེད་ཟེར། ཁོང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་དང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི། བློ་མཐུན་ལི་ཀྲན་ཧྲུའུ་བཅས་ལ་བླ་མེད་ཀྱིས་གུས་འདུད་ཞུས།
ཀྲའོ་ལི་ཅི་ཡིས་གསུངས་རྒྱུར། ཚོགས་ཆེན་སྟེང་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བར་མ་ཟད་ང་རང་ཨུ་ཡོན་ཀྲང་ལ་བདམས་པ་རེད། ང་ཚོས་ལྷག་བསམ་རྣམ་དག་སྒོས་འཐུས་མི་རྣམ་པས་ཡིད་ཆེས་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན་ལ། འགན་འཁྲི་བླ་ན་མེད་པ་དང་ལས་འགན་ཧ་ཅང་ལྗིད་པའི་ཚོར་སྣང་ཟབ་མོ་བྱུང་སོང་། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། དམངས་ཆེན་འཐུས་མི་དང་མི་དམངས་མང་ཚོགས་ལ་བརྟེན་ནས། རྩ་ཁྲིམས་བརྩི་སྲུང་དང་འགན་འཁྲི་ནན་བསྟར། སྤྱོད་གཙང་བཀའ་བརྩི། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་བྱས་རྗེས་འཇོག་རྒྱུ་ཡིན་པ་དང་། འཐུས་མི་རྣམ་པ་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མངགས་བཅོལ་སྟོང་ཟད་དུ་གཏན་ནས་མི་གཏོང་།
ཀྲའོ་ལི་ཅི་ཡིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རླབས་ཆེན་འཆར་གཞི་བཀོད་ཡོད། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ནུས་ལྡན་གཅིག་གྱུར་ཡོང་བར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་བཟང་བོ་བྱེད་པ་དང་སྔར་ལས་འཐུས་ཚང་དུ་གཏོང་བ། བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་དོན་འཁྱོལ་ལ་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་དགོས།
ཀྲའོ་ལི་ཅི་ཡིས་གསུངས་རྒྱུར། ང་ཚོས་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་གོང་དུ་སྤེལ་ནས། མི་དམངས་ཀྱིས་དམངས་གཙོའི་འདེམས་བསྐོ་དང་དམངས་གཙོའི་གྲོས་མོལ། དམངས་གཙོའི་ཇུས་ཆོད། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་ཁྲིམས་ལྟར་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས། རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་པའི་ལམ་ལུགས་མ་ལག་ཆ་ཚང་དུ་བཏང་ནས། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་གྱི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་སུ་གཏོང་དགོས། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་པ་དང་དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་པ་བཅས་ལ་སྐུལ་འདེད་ཟབ་མོ་བཏང་ནས། བཅའ་ཁྲིམས་ཀྱི་མ་ལག་སྔར་ལས་ཚན་རིག་དང་མཐུན་ཞིང་ཆ་ཚང་དུ་གཏོང་བ་དང་དབང་ཟིལ་གཅིག་གྱུར་བྱེད་དགོས། ཡང་དག་པའི་ལྟ་སྐུལ་དང་ནུས་ལྡན་ལྟ་སྐུལ། ཁྲིམས་ལྟར་ལྟ་སྐུལ་བཅས་ལག་བསྟར་བྱས་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ནུས་ལྡན་སྒོས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས། འཐུས་མི་ནི་མི་དམངས་ཀྱི་ཁྲོད་ནས་ཡོང་བ་དང་མི་དམངས་ཀྱི་ཁྲོད་དུ་གཞི་ཆགས་པའི་ཁྱད་ཆོས་དང་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་འབྲེལ་ཟམ་ལྟ་བུར་འགྱུར་དགོས། དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་ངོས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པས་གནང་བའི་འགན་འཁྲི་དང་ལས་འགན་ཕྲག་ཏུ་ལེན་དགོས།
དུས་ཚོད་དགུ་དང་སྐར་མ་ང་བདུན་སྟེང་། ཀྲའོ་ལི་ཅི་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་མཇུག་བསྒྲིལ་བ་ཁྱབ་སྒྲོག་མཛད།
ཀྲུའུ་ཞིའི་སྟེགས་བུའི་སྟེང་ད་རུང་མཱ་ཞིན་རུའེ་དང་ཝང་དབྱི། དབྱིན་ལི། ཧྲི་ཐའེ་ཧྥིན། ལིའུ་གོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ཧི་ཝེ་ཏུང་། ཧི་ལི་ཧྥིན། ཀྲང་ཡིའུ་ཞ། ཀྲང་གོ་ཆིན། ཁྲིན་ཝུན་ཆིན། ཁྲིན་ཅི་ཉིང་། ཁྲིན་མེན་ཨར། ཡོན་ཅཱ་ཅུན། ཧོང་ཁུན་མེན། ལིའུ་ཅིན་གོ ཝང་ཞའོ་ཧུང་། ལིས་ཧྲང་ཧྥུའུ། ཝུའུ་ཀྲིན་ལུང་། ཧྲིན་དབྱི་ཆིན། ཆིན་ཀང་། ཀྲང་ཅུན། དབྱིན་ཡུང་། ཧུའུ་ཁྲུན་ཧྭ། ཧྲིན་ཡུའེ་ཡུའེ། ཝང་ཡུང་། ཀྲིག་ཆང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧི་ཧིག་ཧྭ། ལེང་ཀྲིན་དབྱིན། པཱ་ཐིར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲིན་ཝུའུ། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥིན། ཅང་ཞིན་ཀྲི། ཅང་ཙོ་ཅུན། ཧི་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན། ཞུའུ་ཆི་ལེང་། སུན་ཁྲུན་ལན། ཝང་ཁྲིན། ལིའུ་ཧི། དབྱང་ཞའོ་ཏུའུ། ཚའོ་ཅན་མེན། ཀྲང་ཁྲུན་ཞན། ཅི་པེན་ཞོན། ཨེ་ལི་ཀུན་དབྱི་མེན་པ་ཧེ། ཝན་ཨི་ཞང་། ཁྲིན་ཀྲུའུ། པདྨ་འཕྲིན་ལས། ཝེ་ཧྥིན་ཧི། ཀྲའོ་ཁུ་ཀྲི། ཀྲང་ཆིན་ལི། ལིའུ་ཆི་པའོ། ཝན་ཀང་། ལུའུ་ཀྲན་ཀུང་། མཱ་པེའོ། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལིས་པེན། ཝང་ཡུང་ཆིན། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའུ་ཀྲིན་ལིས་དང་མེའོ་ཧྭ། ཀྲང་ཧྲིན་མེན་སོགས་བསྡད་ཡོད།
ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ལི་ཅཱ་ཁྲའོ་དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ཧི་དབྱི་ཁྲིན་གཉིས་གྲོས་ཚོགས་ལ་ཟུར་ཞུགས་བྱས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་སྡེ་ཁག དྲག་ཆས་དམག་དཔུང་། མི་དམངས་ཚོགས་པ་སོ་སོའི་འབྲེལ་ཡོད་འགན་ཁུར་བས་ཚོགས་ཆེན་ལ་ཟུར་ཞུགས་བྱས་པའམ་ཟུར་ཉན་བྱས།
ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པས་ཚོགས་ཆེན་ལ་ཟུར་ཉན་བྱས།
ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད། ཁོ་ཚོ་དང་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10