སྐབས་གསར་པའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་བདམས་ཐོན་བྱུང་འདུག།

        2023-03-14

 སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཐོག། སྤྱི་ཚེས10ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་ཡོད། 

     ཐེངས་འདིའི་འདེམ་བསྐོའི་མཇུག་འབྲས་ཁྱབ་བསྒྲགས་བྱེད་སྐབས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས།

     གྲོས་ཚོགས་ཐོག་དུས་མཚུངས་སུ་ཀྲའོ་ལེ་ཅི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། ཧན་ཀྲེང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་ཡོད།

     སྔ་དྲོའི་ཆུ་ཚོད9པར། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཡོད།

     ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཧན་ཀྲེང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་སོགས་གྲོས་ཚོགས་ལ་ཞུགས་ཡོད།

     གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི2977ཡིན་པ་དང་། འཐུས་མི2952གྲོས་ཚོགས་ལ་ཞུགས་ཡོད་པ། འཐུས་མི25ཞུགས་ཐུབ་མེད་ཅིང་། གྲོས་ཚོགས་ལ་ཞུགས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད། 

     གྲོས་ཚོགས་ནི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལི་ཀན་ཅེ་ཡིས་གཙོ་སྐྱོང་གནང་བ་རེད། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཅུན་ཀྲེང་དང་། ཝང་མེང་ཧུའེ། ཞུས་ཆིན། ཧྲེན་ཞའོ་མིང་། ཀྲོའུ་ཙུའུ་དབྱི། ཀྲེང་ཅན་རྨིན། ལེའང་ཡན་ཧྲུན། ཡུས་ཡུན་ལིན། ལན་ཧྥོ་ཨན་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་སུ་བཞུགས་ཡོད། 

     གྲོས་ཚོགས་ཐོག། དང་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞིའི་སྐོར་གྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་གཏན་འབེབས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། ཇུས་གཞི་དེར་ཆོག་མཆན་སྤྲད་ཡོད། ཚོགས་ཆེན་ཐོག། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་། བཀོད་སྒྲིག་ཞིབ་ཚགས། སྒྲིག་འཛུགས་ཚགས་ཚུད་པོ་བཅས་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཀྱི་ལས་འགན་ལེགས་སྒྲུབ་ཡོང་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། གྲོས་ཚོགས་ཐོག་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་འདེམས་བསྐོ་དང་བསྐོ་གཞག་གཏན་འབེབས་བྱ་ཐབས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། 

     ཚོགས་ཞུགས་འཐུས་མིས་བརྡས་ཐག་བཅད་པ་བརྒྱུད། འཐུས་མི35ལས་གྲུབ་པའི་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོར་གྲོས་འཆམ་བྱུང་བ་རེད། ཧྲི་ཞའོ་ལིན་དང་ལིན་ཧུང་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པར་བསྐོ་གཞག་བྱས་ཡོད།

     ཆུ་ཚོད9དང་སྐར་མ27ཐོག་འདེམས་བསྐོའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཤིང་། འདེམས་ཤོག་ལྟ་ཞིབ་པས་དང་ཐོག་ཚོགས་རར་བཙུགས་པའི་གློག་རྡུལ་འདེམས་ཤོག་བླུག་སྒམ་དང་གློག་རྡུལ་འདེམས་བསྐོའི་མ་ལག28ལ་ཞིབ་བཤེར་བྱས་པ་རེད། དེ་རྗེས། ལས་དོན་མི་སྣས་འདེམ་ཤོག་སྤྲོད་འགོ་བརྩམས་ནས་ཚོན་མདོག་མི་འདྲ་བའི་འདེམས་ཤོག4འཐུས་མི་མི་རེ་ངོ་རེའི་ལག་ཏུ་སྤྲད་ཡོད། འདེམས་ཤོག་རྣམས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་གྲངས་ཉུང་མི་རིགས7གྱི་ཡི་གེའི་ཐོག་ནས་པར་བརྒྱབ་ཡོད།

     དེ་རྗེས་འཐུས་མི་ཚོས་འདེམས་ཤོག་འབྲི་འགོ་ཚུགས་ཤིང་། ཚོགས་རའི་རྒྱབ་ཕྱོགས་སུ་གསང་བའི་འདེམས་ཤོག་འབྲི་ས་བཙུགས་ཡོད། 

     འདེམས་བསྐོ་དང་བསྐོ་གཞག་གི་གཏན་འབེབས་བྱེད་ཐབས་གཞིར་བཟུང་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེ་མོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་བཅས་གྲངས་མཚུངས་འདེམས་བསྐོ་བྱས་ཡོད།

     ཆུ་ཚོད9དང་སྐར་མ51ཐོག། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པས་སྔོན་ལ་འདེམས་ཤོག་འཕངས་པ་དང་། དེ་རྗེས་འཐུས་མི་རྣམས་ཀྱིས་འདེམས་ཤོག་འཕེན་འགོ་ཚུགས་ཡོད། འདེམས་ཤོག་འཕངས་ཚར་རྗེས། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པས་འདེམས་ཤོག་བཀྲམ་པ་དང་ཚུར་བླངས་པའི་གནས་ཚུལ་སྙན་སེང་ཞུས་པ་དང་། འདེམས་བསྐོ་གོ་ཆོད་ཡོད།

     ལས་དོན་མི་སྣས་འདེམས་ཤོག་རྩིས་རྒྱག་བྱས་འབྲས་སྒྲོག་སྦྱང་བྱས་ཡོད།

     འདེམས་ཤོག་རྩིས་རྒྱག་བྱས་འབྲས་ལས་མངོན་པར། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིའི་འདེམས་བསྐོའི་ཁྲོད་ཞི་ཅིན་ཕིང་ལ་མོས་ཤོག2952ཆ་ཚང་ཐོབ་ཡོད། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་བཞེངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་བསྒྲགས་པ་རེད།

     གཙོ་སྐྱོང་པས་བློ་མཐུན་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱས་ཡོད།

     ཞི་ཅིན་ཕིང་གིས་འཐུས་མི་ཚོར་གུས་འདུད་ཞུས་པ་དང་། འཐུས་མི་ཡོངས་ཀྱིས་དུས་ཡུན་རིང་པོའི་ནང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་བསྒྲགས་ནས་ཞི་ཅིན་ཕིང་ལ་གུས་སེམས་མཚོན་པར་བྱས་ཡོད། ཉེ་འགྲམ་དུ་བཞུགས་པའི་ལི་ཀྲན་ཧྲུའུ་དང་ལི་ཆང་གིས་ཁག་སོ་སོར་ཞི་ཅིན་ཕིང་དང་ཕྱག་བཏང་ནས་ཁོང་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

     གཙོ་སྐྱོང་པས་བློ་མཐུན་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱེད་སྐབས། ཚོགས་རའི་ནང་སླར་ཡང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་དང་། ཞི་ཅིན་ཕིང་གིས་སླར་ཡང་འཐུས་མི་ཚོར་གུས་ལན་གནང་ཡོད།

     དེ་རྗེས་གཙོ་སྐྱོང་བས་རིམ་པ་བཞིན་ཁྱབ་བསྒྲགས་བྱས་པ་སྟེ།

     བློ་མཐུན་ཀྲའོ་ལེ་ཅི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་ཐོན་བྱུང་བ་དང་། བློ་མཐུན་ཧན་ཀྲེང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ།

     བློ་མཐུན་ལི་ཧུང་ཀྲུང་དང་། ཝང་ཏུང་མིང་། ཤའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཧོ་ཝུའེ། ཝུའུ་ཝུའེ་ཧྭ། ཐེ་ཉིང་། ཕེང་ཆིང་ཧྭ། ཀྲང་ཆིང་ཝུའེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐི•ཀྲ་ཁེར་བཅས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པར་བདམས་ཐོན་བྱུང་ཡོད།

     བློ་མཐུན་ལིའུ་ཆི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེ་མོར་བདམས་ཐོན་བྱུང་ཡོད།

     འདེམས་བསྐོའི་མཇུག་འབྲས་རེ་རེ་ཁྱབ་བསྒྲགས་བྱེད་སྐབས། ཚོགས་ར་དངོས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད། 

     ཐལ་མོའི་རྡེབ་སྒྲའི་ཁྲོད། གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡར་བཞེངས་ནས་འཐུས་མི་ཚོར་གུས་འདུད་ཞུས་ཡོད། དེ་རྗེས་ཁོང་ཞི་ཅིན་ཕིང་གི་ཕྱོགས་སུ་ཕེབས་ནས་མཛའ་བརྩེའི་ངང་ཕྱག་བཏང་གནང་བ་དང་། ཞི་ཅིན་ཕིང་གིས་ཁོང་ལ་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད།

     ཀྲའོ་ལེ་ཅི་ཡིས་སླར་ཡང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་དང་ཕྱག་བཏང་གནང་བ་དང་། ཕན་ཚུན་གུས་ལན་ཞུས་གནང་ཡོད།

     ཐལ་མོའི་རྡེབ་སྒྲའི་ཁྲོད་གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་ཡར་བཞེངས་ནས་འཐུས་མི་ཚོར་གུས་འདུད་ཞུས་གནང་ཡོད། དེ་རྗེས་ཁོང་ཞི་ཅིན་ཕིང་གི་ཕྱོགས་སུ་ཕེབས་ནས་མཛའ་བརྩེའི་ངང་ཕྱག་བཏང་གནང་བ་དང་། ཞི་ཅིན་ཕིང་གིས་ཁོང་ལ་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད། དེ་རྗེས་ཧན་ཀྲེང་གིས་སླར་ཡང་བློ་མཐུན་ཝང་ཆི་ཧྲན་དང་ཕྱག་བཏང་ནས་ཕན་ཚུན་གུས་ལན་ཞུས་གནང་ཡོད། 

     རྩ་ཁྲིམས་དམ་འཇོག་སྐོར་གྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་སྒྲིག་འཛུགས་བྱ་ཐབས་གཞིར་བཟུང་། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་རིམ་ཁག་ལེགས་སྒྲུབ་ཟིན་རྗེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་རྩ་ཁྲིམས་དམ་འཇོག་མཛད་སྒོ་གཉེར་ཡོད།

     ཆུ་ཚོད11དང་སྐར་མ7ཐོག ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་རོལ་ཆ་ཚོགས་པས་ཚོགས་ར་དངོས་སུ་དམ་འཇོག་དུང་བརྡ་བཏང་ཡོད།

     ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཁག་གི་གུས་ལུགས་དམག་མི12རུ་སྟར་གཉིས་སུ་བགོས་ནས་ཚོགས་རའི་རྒྱབ་ཕྱོགས་ནས་གོམ་སྟབས་འགྲིག་པོའི་ངང་ཀྲུའུ་ཞི་སྟེགས་བུའི་མདུན་དུ་བསྐྱོད་ནས་ཀྲོང་ངེར་ལངས་ཡོད། 

     དེ་རྗེས་ཚང་མ་ཡར་བཞེངས་ཡོད། ཀྲུའུ་ཞི་སྟེགས་བུའི་ཐོག་གུས་ལུགས་དམག་མི3གྱིས་གོམ་སྟབས་འགྲིག་པོའི་ངང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཚོགས་རར་སྲུང་སྐྱེལ་བྱས་པ་དང་སྦྲགས། རྩ་ཁྲིམས་དམ་འཇོག་སྟེགས་བུའི་ཐོག་བཞག་ཡོད། 

     དམག་དཔུང་རོལ་ཆ་ཚོགས་པའི་རམ་དཀྲོལ་འོག ཚོགས་ར་ཡོངས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་ཡོད།

     དེ་རྗེས་ལས་དོན་མི་སྣས། ད་ལྟ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་དམ་བཅའ་འཇོག་པར་ཕེབས་རོགས་ཞེས་ཁྱབ་བསྒྲགས་བྱས་ཡོད།

     ཀྲུའུ་ཞི་སྟེགས་བུའི་ཐོག་ཕེབས་པར་བསུ་བ་ཞུ་བའི་དུང་བརྡ་གྲགས་པ་དང་བསྟུན་ནས། གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུའུ་ཞི་སྟེགས་བུའི་བཞུགས་གནས་ནས་ཡར་བཞེངས་ཏེ་གོམ་སྟབས་བརྟན་པོའི་ངང་དམ་འཇོག་སྟེགས་བུའི་མདུན་དུ་ཕེབས་ཡོད།

     ཀྲུའུ་ཞི་སྟེགས་བུའི་རྒྱབ་ཡོལ་དབུས་སུ་རྒྱལ་རྟགས་མཐོན་པོར་བཀལ་ནས་འོད་ཆེམ་ཆེམ་དུ་འཕྲོ་བཞིན་ཡོད། ཚོགས་ར་དངོས་སུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི3000ཙམ་གྱིས་བླ་ན་མེད་པའི་དུས་སྐབས་དེར་ཐུན་མོང་ཐོག་བདེན་དཔང་གནང་ཡོད།

     ཞི་ཅིན་ཕིང་གིས་ཕྱག་གཡོན་མ་རྩ་ཁྲིམས་ཐོག་བཞག་གནང་བ་དང་ཕྱག་གཡས་པ་བཀྱགས་ནས་རྔམ་བརྗིད་ལྡན་པའི་ངང་དམ་བཅའ་བཞག་གནང་བ་སྟེ།

     ང་རང་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བློ་དཀར་སེམས་དཀར་བྱེད་པ་དང་། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ། ཁྲིམས་གཏན་འཁེལ་བའི་འགན་འཁྲི་སྒྲུབ་པ། མེས་རྒྱལ་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་བློ་དཀར་སེམས་དཀར་བྱེད་པ། རང་འགན་གཙང་སྒྲུབ་དང་སྤྱོད་གཙང་གཞུང་ཞབས་བྱེད་པ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་བཅས་ཀྱིས་འབྱོར་ཕྱུག་དང་དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་བསྐྲུན་ཆེད་འབད་འཐབ་ཧུར་ཐག་བྱ་རྒྱུའི་དམ་བཅའ་འཇོག་རྒྱུ་ཡིན་ཞེས་གསུངས་ཡོད།

     ཚིག་གསལ་ཞིང་སྒྲ་ཤུགས་ཆེ་བའི་དམ་བཅའ་འཇོག་པའི་གསུང་སྒྲ་དེ་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲགས་ཡོད།

     དམ་འཇོག་གནང་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་གིས་ཚོགས་ར་ཡོངས་ལ་གུས་འདུད་ཞུས་ཡོད། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་ཡོད།

     དེ་རྗེས་གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་དང་གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་ཁག་སོ་སོར་རྩ་ཁྲིམས་དམ་འཇོག་གནང་བ་དང་། གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་དྲུང་ཆེས་མཉམ་དུ་དམ་བཅའ་བཞག་ཡོད།



ཡོང་ཁུངས། ཀྲུང་དབྱང་བོད་སྐད་རླུང་འཕྲིན།

 རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སྲིད་གྲོས་སྐབས14པའི་གྲོས་ཚོགས་ཐེངས་དང་པོ་གྲོལ།
  • ལེ་ཚན་རྗེས་མ།:ལི་ཆང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བསྐོ་གཞག་གནང་།
  • དོ་སྣང་ཆེ་བའི་རྩོམ།